གསར་འགོད་པས་ཉེ་ཆར་ལྷ་ས་གྲོང་ཁྱེར་གྱིས་འཚོགས་པའི་ཡུལ་སྐོར་འཕེལ་རྒྱས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ལམ་ལོ་ཤས་རིང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་གལ་ཆེན་འཛུགས་སྐྲུན་ལ་དམིགས་ནས་ལྟེ་བའི་གྲོང་ཁྱེར་གྱི་ནུས་པ་གཙོ་བོ་འདོན་སྤེལ་བྱས་ནས“གྲུབ་ཆ་ལེགས་སྒྲིག་དང་། རིགས་སྒྱུར་རིམ་སྤོར། སྤུས་ཚད་དང་ཕན་འབྲས་ཆེར་གཏོང”བཅས་ཀྱི་དམིགས་ཚད་བླང་བྱ་གཞིར་བཟུང་། སེམས་ནུས་གཅིག་སྒྲིལ་དང་། དཀའ་སེལ་འགག་སྒྲོལ། ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཅས་ཀྱི་ཐོག་ནས་ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་ཆུ་ཚད་དང་ཡུལ་སྐོར་གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་ནུས་ལྡན་ཕྱིན་པའི་ཁར་ཡུལ་སྐོར་ལས་རིགས་དེ་ཉིད་ལྷ་ས་གྲོང་ཁྱེར་གྱི་ཀ་རྟེན་ཐོན་ལས་ཤིག་ཡིན་པའི་ངོས་ནས་གནས་བབ་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།
ཡུལ་སྐོར་ཁྲོམ་ར་རིམ་བཞིན་འཕེལ་རྒྱས་བྱུང་བ། གོང་དཀར་གནམ་ཐང་དུ་མཁའ་ལམ་47ཤར་གཏོང་ཐུབ་པ་དང་ལྷ་ས་ནས་ཀ་ཏ་མན་རྡུའི་བར་གྱི་དུས་གཏན་གནམ་གྲུ་ཤར་གཏོང་ཐུབ་པ་དེས་བོད་དང་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་བར་གྱི་མཁའ་ལམ་ཤར་བགྲོད་ཐུབ་པ་དང་། ལྷ་ཉིང་རིམ་མཐོའི་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། གྲོང་ཁྱེར་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་འགྲོ་ལམ་གྱི་མཚོན་རྟགས་མ་ལག་བསྐྲུན་པ། མཛེས་ལྗོངས་ཁུལ་ཉེ་འཁོར་དང་དེའི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། སྤྱི་ཡོངས་ཀྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་པ། གྲོང་ཁུལ་རྙིང་པ་སྒྱུར་བཀོད་དང“རི་སྟེང་དུ་ལྕང་ཤིང་འཛུགས་པ”དང“ཆུ་བོ་གཙང་བཟོ”སོགས་ཀྱི་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་བ། གྲོང་ཁྱེར་གྱི་གཟུགས་བརྙན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། “ཀྲུང་གོའི་ལྷ་སའི་ཞོ་སྟོན”དང“ཉི་འོད་གྲོང་ཁྱེར་དུ་རྐང་ཐང་མར་སྐྱོད”“གནམ་མཚོའི་རྒྱལ་སྤྱིའི་རྐང་ཐང་འདུ་ཚོགས”སོགས་ཀྱི་བྱེད་སྒོ་སྤེལ་བ་བཅས་ལས་ཡུལ་སྐོར་ཁྲོམ་ར་རྒྱུན་ཆད་མེད་པར་འཁྲུག་ཏུ་འགྲོ་རྒྱུར་སྐུལ་འདེད་ཐུབ་ཡོད་པ་རེད།
ཡུལ་སྐོར་ཡོང་འབབ་ལོ་རེ་བཞིན་འཕར་བ། ཉེ་ལམ་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་འགྲོ་བའི་རྫོགས་ལྡན་དུས་སྐབས་ཤར་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་མི་གྲངས་དང་། ཡོང་འབབ་བསྡོམས་འབོར། འཕར་བའི་ཚད་གཞི་སོགས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་པ་རེད། ཡུལ་སྐོར་ཡོང་འབབ་2010ལོའི་སྒོར་དུང་ཕྱུར་42.11ནས་2015ལོའི་སྔོན་རྩིས་ལྟར་གྱི་སྒོར་དུང་ཕྱུར་154.93བར་མང་དུ་ཕྱིན་ནས་ལོ་རེར་ཆ་སྙོམས་འཕར་ཚད་30%ཟིན་པ་དང་ཡུལ་སྐོར་ཡོང་འབབ་ཀྱིས་གྲོང་ཁྱེར་དེ་ཡོངས་ཀྱི་GDPབསྡུར་གྲངས་བཟུང་ཚད་མུ་མཐུད་20%ཡན་རྒྱུན་འཁྱོངས་ཐུབ་པ་དང་། ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་2010ལོའི་མི་ཐེངས་ཁྲི་413.42ནས་2015ལོའི་མི་ཐེངས་ཁྲི་1179.03བར་མང་དུ་ཕྱིན་ནས་ལོ་རེར་ཆ་སྙོམས་23.32%འཕར་ཡོད་པ་རེད།
ཡུལ་སྐོར་གྱི་གནས་བབ་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ། འབྲེལ་ཡོད་གྲངས་གཞིའི་བསྡོམས་རྩིས་ལ་གཞིགས་ན། 2015ལོར་ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡུལ་སྐོར་ཡོང་འབབ་ཀྱི་དམིགས་ཚད་གཉིས་ཀྱིས་ལྗོངས་ཡོངས་ཀྱི་ཕྱེད་ཀ་ཙམ་ཟིན་ནས་ཡུལ་སྐོར་བའི་མི་གྲངས་དེ་གྲོང་ཁྱེར་དེར་རྒྱུན་སྡོད་བྱེད་མཁན་མི་འབོར་གྱི་ལྡབ་12.41ཟིན་ཏེ་རྒྱལ་ནང་གི་ཡུལ་སྐོར་གྲོང་ཁྱེར་མང་ཆེ་བའི་མདུན་གྲལ་དུ་སླེབས་ཐོག་ལྗོངས་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཉེ་འཁོར་དུ་ཁྱབ་འགྱེད་ཐུབ་པ། ཨེ་ཤ་ཡ་ལྷོ་མར་ཕྱོགས་པ་བཅས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད་པ་རེད། དེ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་ཡུལ་སྐོར་བསྡུ་འགྲེམ་ལྟེ་གནས་དང་ཡུལ་སྐོར་འབྲེལ་ཐག་ཡིན་པའི་གནས་བབ་དེ་བས་བརྟན་དུ་ཕྱིན་ནས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པ་དང་། དཔལ་འབྱོར་འཕར་རྒྱུར་ཡར་སྐུལ་བྱེད་པ། མང་ཚོགས་ཕྱུག་འགྱུར་ཡོང་བ། ཞི་མཐུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཐོན་པའི་ནུས་པ་མངོན་གསལ་ཇེ་དོད་དུ་ཕྱིན་པའི་ཁར་ཤུགས་རྐྱེན་ཐེབས་ཤུགས་ཀྱང་ཇེ་ཟབ་ཏུ་ཕྱིན་ཡོད་པ་རེད།