མི་དམངས་དྲ་བའི་འཕྲིན། སྡེ་དགེ་པར་ཁང་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཀུན་མཁྱེན་གྲོང་རྡལ་གྱི་དཀྱིལ་དུ་གནས་ཡོད། པར་ཁང་གི་རིག་དངོས་དོ་དམ་ཅུས་ཀྱི་ཅུས་ཀྲང་འཁྲུངས་གྲགས་ཀྱིས་གསར་འགོད་པར་བཤད་དོན། པར་ཁང་འདི་ཉིད་ནི་1792ལོར་སྡེ་དགེ་ཡུལ་གྱི་རྒྱལ་པོ་སྐྱེ་ཕྲེང་12པ་ཆོས་ཀྱི་བསྟན་པ་ཚེ་རིང་གིས་གསར་དུ་བརྙེས་པ་ཡིན་ལ། ཡུལ་གྱི་རྒྱལ་པོ་མི་རབས་3རིང་གི་ལོ་ངོ་27སྤྱད་རྗེས་གཞི་ནས་ཐོག་ཁང་3དང་འོག་ཁང་1དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་5450ཡོད་པའི་པར་ཁང་འདི་བསྐྲུན་གྲུབ་པ་རེད། པར་ཁང་འདིར་དཔར་ཤིང་མཛོད་ཁང་དང་། ཆོས་དཔེ་སྐེམ་སའི་ཐོག་ཁང་། དཔར་ཤིང་བཀྲུ་སྟེགས། མཆོད་ཁང་སོགས་ཡོད་པ་རེད། མི་རིགས་ཀྱི་ཁྱད་ཆོས་གཏིང་ཟབ་པོ་ལྡན་པའི་དགོན་སྡེའི་བཟོ་བཀོད་དང་སྐུ་འདྲའི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་འཇིམ་རྐོས་སྒྱུ་རྩལ་གྱི་ངོ་མཚར་ཆེ་བའི་ལག་རྩལ་མངོན་ཡོད་པ་དང་། པར་ཁང་གི་འདུ་ཁང་ཕྱི་ནང་གི་སྨི་གྲུ་བཞི་མ་སྟོང་ལ་ཉེ་བའི་གནའ་བོའི་ལྡེབས་རིས་ཀྱིས་ཀརྨ་སྒར་བྲིས་ལུགས་ཀྱི་ཁྱད་འཕགས་སྒྱུ་རྩལ་གྱི་གྲུབ་འབྲས་དང་ཁྱད་ཆོས་སོགས་མངོན་ཡོད་པ་རེད།
པར་ཁང་གི་རྩ་ཆེ་ཤོས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་“མིའི་རིགས་ཀྱི་མངོན་མིན་རིག་དངོས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཐོའི”ནང་བདམས་ཐོན་བྱུང་ཡོད་པའི“བོད་ཀྱི་པར་ཤིང་པར་འདེབས་ལག་རྩལ”གྱིས་བརྐོས་པའི་ བོད་ཡིག་གི་བསྟན་བཅོས་ཀྱི་པར་ཤིང་ཁྲི་32ལྷག་ཙམ་དང་བོད་རིས་པར་ཤིང་འབོར་ཆེན་ཉར་ཚགས་བྱས་ཡོད་པ་དེ་རེད། པར་ཤིང་འདི་ཚོའི་ནང་དུ་བོད་ཀྱི་རིག་གནས་ཀྱི་བསྟན་བཅོས་70%ཡན་འདུས་ཡོད་ལ། དེ་དག་གི་ནང་དུ་ནང་བསྟན་རིག་གཞུང་དང་། གསོ་བ་རིག་པ། ཚད་མ་རིག་པ། སྐར་རྩིས་སོགས་འདུས་ཡོད། འདིར་དཔེ་ཆ་ཉར་ཚགས་བྱས་གྲངས་དང་བྱས་རིགས་ནི་རང་རྒྱལ་བོད་ཁུལ་གྱི་པར་ཁང་ཆེན་པོ་གསུམ་གྱི་ཨང་དང་པོ་རེད། འཁྲུངས་གྲགས་ཀྱིས་བཤད་པ་ལྟར་ན། དཔར་ཤིང་མཛོད་ཁང་ནང་གི་དཔར་ཤིང་ཚང་མར་རུལ་བ་དང་གས་པར་སྔོན་འགོག་ལག་རྩལ་སྤྱད་དེ་རྙོག་འཛིང་ཆེ་ཞིང་ཞིབ་པའི་སྲུང་སྐྱོང་ལས་ཀ་བྱས་པས། ལོ་ངོ་300རིང་ཕྱིན་ཡོད་རུང་འབུས་རྨུག་པ་དང་གཟུགས་འགྱུར་བ་སོགས་ཀྱི་གནས་ཚུལ་བྱུང་མེད་ལ་མིག་སྔར་ད་རུང་བཀོལ་སྤྱོད་བྱེད་བཞིན་ཡོད་པ་རེད།
རྒྱལ་ཁབ་རིག་དངོས་ཅུས་ཀྱི་གནའ་བོའི་བཟོ་བཀོད་ཆེད་མཁས་ཚོགས་ཆུང་དང་རིག་དངོས་སྲུང་སྐྱོང་འཆར་འགོད་ཆེད་མཁས་ཚོགས་ཆུང་གི་ཞིབ་འཇུག་པ་གཞོན་པ་ཀྲུའུ་ཞའོ་ནན་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། སྡེ་དགེ་པར་ཁང་ནི་སྤྱི་ལོ་1996ལོར་རྒྱལ་ཡོངས་ཀྱི་རིག་གནས་ཤུལ་དངོས་རྩ་ཆེན་སྲུང་སྐྱོང་བྱེད་ཡུལ་ཁག་བཞི་པའི་གྲས་སུ་ཚུད་པ་རེད། 2003ལོར་སྐབས་དེར་རྒྱལ་སྤྱིའི་གནའ་ཤུལ་སྲུང་སྐྱོང་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་རྒྱལ་ཁབ་རིག་དངོས་ཅུས་འཛམ་གླིང་ཤུལ་བཞག་ཁྲུའུ་ཡི་ཁྲུའུ་ཀྲང་ཀུའོ་ཀྲན་ཆེད་དུ་སྡེ་དགེ་པར་ཁང་དུ་གཟིགས་ཞིབ་འཚམས་འདྲི་གནང་བར་ཕེབས་པ་དང་། སྔོན་ཆད་ཕོ་བྲང་པོ་ཏ་ལ་འཛམ་གླིང་གི་རིག་གནས་ཤུལ་བཞག་གི་གྲས་སུ་འཇུག་པར་རེ་ཞུ་བར་རྒྱལ་ཁའི་ངང་སྐུལ་འདེད་གནང་མྱོང་མཁན་མཁས་པ་འདིས་ཧ་ལས་དབུགས་འབྱིན་གྱི་སྒོ་ནས་སྡེ་དགེ་པར་ཁང་ནི་བོད་ཀྱི་རིག་གནས་ཀྱི་བང་མཛོད་རྩ་ཆེན་ཞིག་ཡིན་པས། འཛམ་གླིང་གི་རིག་གནས་ཤུལ་བཞག་གི་གྲས་སུ་འཇུག་པར་རེ་ཞུའི་ཆ་རྐྱེན་འཛོམས་ཡོད་ཅེས་གསུངས་པ་རེད།
སྡེ་དགེ་ཡུལ་གྱི་རྒྱལ་པོའི་ཁྱིམ་རྒྱུད་སྔར་ནས་ཉམས་སོང་ཡང་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གནང་བའི་སྡེ་དགེ་པར་ཁང་ལ་གྲངས་ལས་འདས་པའི་དཔར་ཤིང་མངའ་བ་དང་ཤིང་པར་ལག་རྩལ་སྤྱོད་བཞིན་ཡོད་པའི་རྐྱེན་གྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྟེན་དུ་གྱུར་ཡོད་པ་རེད། སི་ཁྲོན་ཞིང་ཆེན་གྱི་རིག་དངོས་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་ད་ལྟ་པར་ཁང་འདི་ཉིད་ཀྱིས་འཛམ་གླིང་གི་རིག་གནས་ཤུལ་བཞག་གི་གྲས་སུ་འཇུག་པར་རེ་ཞུའི་ལས་དོན་སྤེལ་བཞིན་ཡོད་པ་དང་། མགྱོགས་མྱུར་ངང་འཛམ་གླིང་གི་རིག་གནས་ཤུལ་བཞག་གི་གྲ་སྒྲིག་མིང་གཞུང་ནང་དུ་འཇུག་ཐུབ་པར་བྱེད་ཆེད། རེ་ཞུའི་ཡིག་ཆའི་སྟེང་དུ་སྡེ་དགེ་པར་ཁང་གི་རིན་ཐང་འདི་དག་མངོན་པར་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།