འཛམ་གླིང་སྟེང་གི་རྒྱ་མཚོའི་ངོས་ལས་མཐོ་ཤོས་ཡིན་པའི་གཞུང་ལམ་གྱི་ཕུག་ལམ་མཚོ་སྔོན་ཡུལ་ཤུལ་ཁུལ་དུ་བཟོས་གྲུབ་ནས་རླངས་འཁོར་ཤར་གཏོང་བྱེད་འགོ་བརྩམས་པ།
མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་23ཉིན་མིག་སྔར་འཛམ་གླིང་སྟེང་གི་རྒྱ་མཚོའི་ངོས་ལས་མཐོ་ཤོས་ཡིན་པའི་གཞུང་ལམ་གྱི་ཕུག་ལམ་སྟེ་ཁྲང་ལ་རི་བོའི་ཕུག་ལམ་བཟོས་གྲུབ་ནས་རླངས་འཁོར་ཤར་གཏོང་བྱེད་འགོ་བརྩམས་པ་རེད། ཕུག་ལམ་དེར་རླངས་འཁོར་གཏོང་འགོ་བརྩམས་རྗེས་སུ་དེར་སྐྱོད་པའི་རླངས་འཁོར་དག་སྔོན་མ་ལྟར་གཡང་གཟར་བྲག་རིའི་ཁྲོད་ཀྱི་ལམ་དུ་སྐྱོད་མི་དགོས་པར་ཕུག་ལམ་དུ་སྐར་མ་3ཡས་མས་ལས་ལས་སྐྱོད་མི་དགོས་པས། སྔོན་མ་ལས་ཧ་ལམ་ཆུ་ཚོད་གཅིག་ཙམ་གྲོན་ཆུང་བྱེད་ཐུབ་པ་མ་ཟད་བདེ་འཇགས་ཀྱི་ཚད་ཀྱང་སྔར་ལས་མཐོ་རུ་ཕྱིན་ཡོད་པ་རེད།
ཁྲང་ལ་རི་བོའི་ཕུག་ལམ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཡོད་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་ཁོངས་སུ་ཡོད་ལ། ཕུག་ལམ་གྱི་རིང་ཚད་བསྡོམས་པས་སྨི་2400ཡོད་པ་རེད། མཚམས་སྦྱོར་བྱས་པ་ལྟར་ན། 2011ལོའི་ཟླ་11པར་ཕུག་ལམ་བཟོ་འགོ་བརྩམས་པ་ནས་བཟུང་བཟོ་སྐྲུན་མི་སྣ་ཚོས་ས་བབ་མཐོ་ཞིང་གྲང་ངར་ཆེ་ལ་དབྱང་རླུང་དཀོན་པ་དང་། གནམ་གཤིས་ངན་པ། ས་གཤིས་གནས་ཚུལ་རྙོག་འཛིང་ཆེ་བ་སོགས་ཀྱི་དཀའ་ངལ་བསལ་ནས་ས་བབ་མཐོ་ཞིང་གྲང་ངར་ཆེ་བ་དང་ས་བབ་མཐོ་སར་ཕུག་ལམ་བཟོ་བའི་ལག་རྩལ་དང་དོན་དམ་ཉམས་མྱོང་བསགས་པ་དང་། ཨར་ལས་ཀྱི་སྤུས་ཚད་རྒྱལ་ཁབ་ཕྱི་ནང་གི་ས་བབ་མཐོ་སར་ཕུག་ལམ་བཟོ་བའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་རེད། ཕུག་ལམ་དེར་རླངས་འཁོར་ཤར་གཏོང་བྱེད་འགོ་བརྩམས་པ་དེས་ས་གནས་དེ་གའི་མི་རྣམས་ཕྱིར་སྐྱོད་པ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད།