མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ཆབ་མདོ་གྲོང་ཁྱེར་དང་། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ། མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་བཅས་ཀྱི་ཡུལ་སྐོར་སྤྲོ་འཆམ་སྡེ་ཚན་གྱིས་ཉིན་ཤས་གོང“ཐོན་ཁུངས་མཉམ་སྤྱོད་དང་། ཆ་འཕྲིན་སྤེལ་རེས། ལམ་ཐིག་སྐུལ་རེས། ཡུལ་སྐོར་བ་སྐྱེལ་རེས། མཉམ་ཁེ་མཉམ་ཕན”བཅས་ཡོང་བ་བྱས་ནས་ཡུལ་སྐོར་བ་ས་ཁོངས་ལས་བརྒལ་ཏེ་ཐོགས་མེད་ཡུལ་སྐོར་བྱ་རྒྱུར་སྟབས་བདེ་བསྐྲུན་རྒྱུ་ཐུན་མོང་ཐོག་ཁས་ལེན་བྱས་ཡོད།
འདི་ནི་ཚེས་20ཉིན་གྱི་ཕྱི་དྲོ་བོད་ཀྱི་ཆབ་མདོ་གྲོང་ཁྱེར་དུ་འཚོགས་པའི་བོད་དང་། སི་ཁྲོན། ཡུན་ནན། མཚོ་སྔོན་བཅས་ས་སྦྲེལ་ཀྲོའུ་དང་གྲོང་ཁྱེར་གྱི་ཡུལ་སྐོར་སྤྲོ་འཆམ་མཉམ་ལས་འཕེལ་རྒྱས་བཞུགས་མོལ་ཚོགས་འདུའི་ཐོག་ཐོབ་པའི་གྲུབ་འབྲས་ཤིག་རེད།
བོད་ལྗོངས་དང་། སི་ཁྲོན། ཡུན་ནན། མཚོ་སྔོན་བཅས་ཞིང་ཆེན་དང་ལྗོངས་དབར་རི་ཆུ་འབྲེལ་བ་དང་། ས་དབྱིབས་འདྲ་བ། རིག་གནས་གཅིག་མཚུངས་བཅས་ཡོད་པ་དང་། ལྷག་དོན་དུ་ཞིང་ཆེན་དང་ལྗོངས་བཞིའི་ས་སྦྲེལ་ཀྲོའུ་དང་གྲོང་ཁྱེར་གྱིས་རང་རང་སོ་སོའི་ཁྱད་ཆོས་ལྡན་པའི་ཁམས་པའི་རིག་གནས་མཉམ་རོལ་བྱས་པ་དེ་རང་རྒྱལ་ལྷོ་ནུབ་ས་ཁུལ་གྱི་ཡུལ་སྐོར་སྤྲོ་འཆམ་གྱི“གསེར་ཟུར་གསུམ”ཁུལ་ལྟ་བུར་གྱུར་ཡོད།
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཡུལ་སྐོར་སྤྲོ་འཆམ་ཅུས་ཀྱི་ཅུས་ཀྲང་ཧོང་ཧྥེ་དང་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་སྐོར་སྤྲོ་འཆམ་ཅུས་ཀྱི་ཅུས་ཀྲང་ཨ་སྐྱ་གཡུང་དྲུང་སོགས་ཀྱིས་ད་ཕན་ལོ་ཤས་རིང་ཆབ་མདོས་གཙང་གསུམ་རྒྱུག་ཁུལ་དང་། ཇ་རྟ་ཚོང་ལམ། ཁམས་པའི་རིག་གནས། གསར་བརྗེའི་ཡུལ་སྐོར་སྤྲོ་འཆམ་སྤུས་རྟགས་བཅས་གཙོ་བོར་བཟུང་ནས་ཡུལ་སྐོར་སྤྲོ་འཆམ་མཛེས་ལྗོངས་ཁུལ་དང་ལམ་ཐིག་སྤུས་ལེགས་མང་པོ་བཏོད་པ་དང་། ཡུལ་ཤུལ་གྱི་ཡུལ་སྐོར་སྤྲོ་འཆམ་གཙོ་གྲས་རིག་གནས་དང་ཚོང་དོན་མཉམ་འདྲེས་ཟབ་མོ་བྱས་ནས་ཡུལ་སྐོར་སྤྲོ་འཆམ་ལས་རིགས་དེ་ཉིད་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཐོན་ལས་སུ་གྱུར་པ། ཀྲོའུ་དང་གྲོང་ཁྱེར་གཞན་དག་གི་ཡུལ་སྐོར་སྤྲོ་འཆམ་གསར་སྤེལ་ལའང་སོ་སོའི་ཁྱད་ཆོས་ལྡན་པ་བཅས་རེད། གལ་སྲིད་མཉམ་ལས་གཏིང་ཟབ་བྱེད་ཐུབ་ཚེ་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་བཤད།
སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དང་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཡུལ་སྐོར་སྤྲོ་འཆམ་སྡེ་ཚན་གྱིས་ཀྱང་སླད་ཕྱིན་ས་གནས་བཞིའི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་བོད་སྐྱོད་ལམ་མང་པོར་བརྟེན་ནས་ཡུལ་སྐོར་སྤྲོ་འཆམ་གྱི་ལམ་གཏོད་རྒྱུ་དང་དུས་མཚུངས་ས་སྦྲེལ་ཀྲོའུ་ཡི་ཡུལ་སྐོར་སྤྲོ་འཆམ་གཉེར་འཚོང་ལ་སྐུལ་འདེད་བཏང་ནས་ཁམས་པའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་སྤྲོ་འཆམ་གྱི་སྤུས་རྟགས་ཐུན་མོང་ཐོག་བཏོད་དེ་གཉིས་ཁེ་གཉིས་ཕན་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད།