དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྣོད་བཅུད་ལེགས་པའི་ཀན་ལྷོ། ཡིད་སེམས་མྱོས་པའི་དག་ཞིང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​ ཅང་ཧྲུན་ལི་དང་། ཝང་ཧྲོང་ཁྲེང་། དབྱིན་ཡན་བཅས་ཀྱིས།   |     སྤེལ་དུས།  2015-08-11

    11.jpg

    འདི་ནི་ཀན་ལྷོ་ཀྲོའུ་བསང་ཆུའི་བསང་ཁོག་རྩྭ་ཐང་ཡིན་པ།

    22.jpg

    འདི་ནི་མཛེས་སྡུག་ཡི་གར་འོང་བའི་ཀན་ལྷོ་རྨ་ཆུ་ཡུལ་གྱི་རྨ་ཆུའི་ཁུག་པ་དང་པོ་ཡིན་པ།

    “རྒྱབ་ཐོག་མཚོ་མགོན་གྱི་རྒྱ་ཁྱོན་དེ་སྤྱི་ཆིང་480ནས་སྤྱི་ཆིང་2100བར་རྒྱ་ཆེ་རུ་སོང་བ་དང་། འདམ་རའི་རྒྱ་ཁྱོན་ཡང་ཉེ་བའི་ལོ་ཤས་རིང་གི་ཚད་གཞི་མཐོ་ཤོས་ཟིན་ཡོད”ཅེས་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཀྲོའུ་ཀླུ་ཆུ་རྫོང་རྒྱབ་ཐོག་མཚོ་མགོན་གྱི་འདམ་རའི་སྲུང་སྐྱོང་ཁུལ་གྱི་རྒྱབ་ཐོག་མཚོ་མགོན་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་ཀྲང་ཡུང་གིས་ལྟ་དཔྱད་ཚད་འཇལ་བྱེད་ཞོར་གསར་འགོད་པར་བཤད། 《འདམ་རའི་སྤྱི་ཆིང་གི་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་གཞུང》དུ་བཀོད་པའི་རྒྱབ་ཐོག་མཚོ་མགོན་འདམ་ར་དེར་ལོ་10ཙམ་རིང་སྲུང་སྐྱོང་བྱས་པས་རིགས་78ཡོད་པའི་བྱ་རིགས་ཁྲི་3ལྷག་ཙམ་འཚོ་གནས་དང་རྒྱུད་སྤེལ་གྱི་དགའ་ཚལ་དུ་གྱུར་ཡོད། དེ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་པའི་མཚོན་ཚུལ་ཞིག་རེད། དེ་གར་ཡོང་མྱོང་བའི་ཡུལ་སྐོར་བ་རྣམས་ཀྱིས“ཀན་ལྷོ་ནི་ཡིད་སེམས་མྱོས་པར་བྱེད་པའི་དག་ཞིང་ངོ་མ་ཞིག་རེད”ཅེས་སེམས་གཏིང་ནས་རང་དབང་མེད་པར་བསྔགས་བརྗོད་བྱེད་ཀྱི་ཡོད།

    “སྣོད་བཅུད་ལེགས་པའི་ཀྲོའུ”འཛུགས་སྐྱོང་བྱས་ཏེ་མཛེས་ཤིང་གཙང་བའི་རི་ཆུ་སྲུང་སྐྱོང་བྱས་པ།

    རྒྱལ་ཁབ་ཀྱི་སྣོད་བཅུད་ས་བཀྲའི་ཐོག་ཀན་ལྷོ་ནི་བཀྲག་མདངས་འཚེར་ལ་རྩི་ཤིང་ལོ་འདབ་རྒྱས་པའི་ཡུལ་ཞིག་རེད།

    ཡུལ་གྲུ་དེ་ཉིད་སྲུང་སྐྱོང་བྱ་ཆེད། ཀན་ལྷོ་ཀྲོའུ་ཡིས་སྣོད་བཅུད་ལ་བརྟེན་ནས་ཀྲོའུ་འཛུགས་པ་དང་ཡུལ་སྐོར་ལ་བརྟེན་ནས་ཀྲོའུ་དར་རྒྱས་ཡོང་རྒྱུ་བཏོན་ཞིང་། གཅིག“འཛུགས”གཅིག“དར”ནི་རི་ཆུ་གཙང་མ་སྲུང་འཛིན་དང་བེད་སྤྱོད་གང་ལེགས་བྱ་ཆེད་རེད།

    ཀན་ལྷོས་ཨེ་ཤེ་ཡའི་སྤུས་ཚད་ལེགས་ཤོས་ཀྱི་རང་བྱུང་འབྲོག་ར་ཞིག་གསོ་སྐྱོང་བྱས་ཤིང་། དེ་ནི་རང་རྒྱལ་གྱི་ནགས་ཁུལ་ཆེ་གྲས་བརྒྱད་ཀྱི་གྲས་ཤིག་ཡིན་ལ། རང་རྒྱལ་གྱི“འབྲོག་ཁུལ་ཆེ་གྲས་ལྔའི”གྲས་ཤིག་ཀྱང་རེད། མངའ་ཁོངས་ཀྱི་རྨ་ཆུའི་རྩྭ་ཐང་དང་། ཧྲོའུ་ཆུ་འདམ་ར། ཀླུ་ཆུའི་རྒྱབ་ཐོག་མཚོ་མགོན་འདམ་ར་བཅས་ནི་རང་རྒྱལ་དུ་དམིགས་བསལ་ཡོད་པའི་ས་མཐོའི་འདམ་ཐལ་ན་འདམ་རྣམ་པའི་འདམ་ར་ཞིག་ཡིན་ལ། མིག་སྔར་འཛམ་གླིང་དུ་ཉར་ཚགས་ལེགས་ཤོས་དང་སྣོད་བཅུད་ནུས་པ་ཚང་ཤོས་ཀྱི་འདམ་རའི་གྲས་ཤིག་ཀྱང་ཡིན། རྨ་ཆུ་དང་། འབྲུག་ཆུ། ཀླུ་ཆུ་དང་དེ་བཞིན་དེའི་ཆུ་ལག་120ལྷག་ཀྲོའུ་དེ་ཡོངས་སུ་རྒྱུགས་པ་དང་། རྨ་ཆུའི་ཆུ་རྒྱུན་གཙོ་བོ་དེ་ཀན་ལྷོ་ཀྲོའུ་རྨ་ཆུ་ཡུལ་ཁོངས་སུ་སྤྱི་ལེ་433ཟིན་ལ་རྨ་ཆུའི་སྟོད་རྒྱུད་ཀྱི་རྒྱུག་ཚད་45%ནི་ཀན་ལྷོའི་མངའ་ཁོངས་ནས་མཁོ་སྤྲོད་བྱེད་ཀྱི་ཡོད་པས“རྨ་ཆུའི་མཁལ་མ”དང“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་པའི་མཚན་སྙན་སྔར་ནས་ཡོད།

    2010ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཡོངས་ཀྱི་བྱེད་ནུས་ཁུལ་གཙོ་བོའི་འཆར་འགོད》བཀྲམ་ནས་རྨ་ཆུ་དང་། ཀླུ་ཆུ། བསང་ཆུ། གཙོད། ཅོ་ནེ། ལིན་ཐན་བཅས་རྫོང་དང་གྲོང་ཁྱེར་དྲུག་ཉིད་རྒྱལ་ཁབ་རིམ་པའི་ཀན་ལྷོ་རྨ་ཆུའི་ཆུ་ཁུངས་མཁོ་སྤྲོད་ཀྱི་སྣོད་བཅུད་བྱེད་ནུས་ཁུལ་གལ་ཆེན་དུ་གཏན་འཁེལ་བྱས་པ་དང་། འབྲུག་ཆུ་དང་ཐེ་བོ་རྫོང་གཉིས་རྒྱལ་ཁབ་རིམ་པའི་ཇིན་པ་རི་རྒྱུད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྣོད་བཅུད་བྱེད་ནུས་ཁུལ་དུ་གཏན་འཁེལ་བྱས་པ་མ་ཟད། དེའི་བྱེད་ནུས་ཀྱང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་འགན་ལེན་གྱི་ཡུལ་ཁོངས་གལ་ཆེན་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དཔེ་སྟོན་ཁུལ་སོགས་སུ་གཏན་འཁེལ་བྱས་ཡོད།

    “1998ལོར་རྒྱལ་ཁབ་ཀྱིས་རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གྲྭ་ལག་བསྟར་གྱིས་རང་བྱུང་ནགས་ཚལ་གཅོད་འབྲེག་བྱ་རྒྱུ་ཕྱོགས་ཡོངས་ནས་བཀག་པ་དང་། ང་ཚོས་ལག་གི་སོག་ལེ་དང་སྟ་རེ་དབྱུགས་པས་ཧ་ཅང་ཡི་མུག་པར་གྱུར། ནགས་ལ་བརྟེན་ནས་འཚོ་བ་སྐྱེལ་བའི་ང་ཚོས་རྗེས་སུ་ལས་ཀ་ཅི་ཞིག་བསྒྲུབ་བམ་སྙམ”ཞེས་ཀན་ལྷོ་ཀྲོའུ་ཐེ་བོ་རྫོང་ནགས་ལས་ཅུས་ལ་ཙི་ཁོའུ་ནགས་རའི་ནགས་སྲུང་བ་ཀྲང་ཧྲུན་ལིའང་གིས་བཤད།

    ལོ་55ཡིན་པའི་ཀྲང་ཧྲུན་ལིའང་གིས་ཐེ་བོ་རྫོང་ནགས་ལས་ཅུས་ལ་ཙི་ཁོའུ་ནགས་རར་ལོ་32རིང་ལས་ཀ་བསྒྲུབས་པ་དང་། སྔོན་ཆད་ལོ་15རིང་ཤིང་གཅོད་མཁན་བྱས་པའི་ཁོང་གིས་1998ལོ་ནས་ད་བར་ལོ་17རིང་ནགས་སྲུང་བ་བྱས།

    ཀྲང་ཧྲུན་ལིའང་གིས་ལོ་23སྐབས་ནགས་རར་ལས་ཀ་བྱེད་འགོ་ཚུགས་པ་དང་། ཐོག་མར་ནགས་རར་ལོ་ལྟར་ནགས་གཅོད་ཀྱི་དམིགས་ཚད་ཡོད་ལ་ཁོའི་ལས་ཀ་ནི་ཤིང་གཅོད་རྒྱུ་དེ་ཡིན། 1998ལོའི་རྗེས་སུ“ལྗོན་ཤིང་རྐང་གཅིག་ཀྱང་གཅོད་མི་རུང”ཞེས་གཅོད་ལྟ་ཞོག་ད་དུང་ནགས་སྐྲུན་བྱེད་དགོས། ཀྲང་ཧྲུན་ལིའང་གིས་སོག་ལེ་དབྱུགས་ནས་ནགས་སྲུང་ནགས་སྐྲུན་བྱེད་འགོ་བརྩམས། “ལོ་ལྟར་གྱི་ཟླ་3པ་ནས་5པའི་བར་ནི་ནགས་སྐྲུན་གྱི་དུས་ཚིགས་ཡིན། ནགས་རར་ལོ་ལྟར་མུའུ་2000ནས་3000བར་གྱི་ལས་འགན་ཡོད”ཅེས་བཤད།

    གྲལ་སྟར་འགྲིག་པའི་གསོམ་ནག་དང་ཐང་ཤིང་དག་ཉི་འོད་འོག་སྔོ་ཡུག་ཡུག་ཏུ་སྣང་།

    ཀྲང་ཧྲུན་ལིའང་ནགས་སར་བསྡད་ནས་ལོ་3རིང་སྐྱེས་པའི་གསོམ་ནག་སྡོང་ཕྲུག་ལ་ཚད་འཇལ་བྱེད་ཀྱི་ཡོད་པ་རེད།

    ཤིང་གཅོད་མཁན་དག་ནགས་སྲུང་བ་ནས་ནགས་སྐྲུན་པར་གྱུར་པ་དང་། ཀྲང་ཧྲུན་ལིའང་དང་འདྲ་བར་ནགས་སྲུང་བ་ཀུན་རང་ཉིད་ཀྱིས་བཙུགས་པའི་སྡོང་ཕྲུག་དག་ལ་བརྩེ་དུང་ཆེན་པོ་ཡོད་ཅིང་། སྡོང་ཕྲུག་རྣམས་ཡུན་གྱིས་སྐྱེ་ཚུལ་ལ་ལྟ་བཞིན་རང་ཁྱིམ་གྱི་བུ་ཕྲུག་ནར་སོན་པར་ལྟ་བ་བཞིན་སྡོང་ཕྲུག་དག་སྡོང་སོན་ར་བ་ནས་སྤོས་པ་དང་། སེམས་སུ་འབྲལ་མི་ཕོད་པའི་སྣང་བ་ཡོད་པ་དེ་ནི་རང་ཉིད་ཀྱི་བུ་མོ་གནས་ལ་འགྲོ་བ་དང་མཚུངས།

    ད་ཆ་ཀན་ལྷོར་ནགས་ས་མུའུ་ཁྲི་2580ཡོད་པ་དེས་ཞིང་ཆེན་དེ་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་30%ཟིན་པ་དང་། གསོག་ཚད་ཀྱིས་ཞིང་ཆེན་དེ་ཡོངས་ཀྱི་45%ཟིན་ཡོད། ནགས་ཁུལ་དུ་ཕུན་སུམ་ཚོགས་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་དང་སྨན་རྩྭ་སྔོ་ཚོད་སོགས་རྩི་ཤིང་ཐོན་ཁུངས་དང་། རྒྱལ་ཁབ་ཀྱིས་སྲུང་སྐྱོང་བྱེད་པའི་སྲོག་ཆགས་རྩ་ཆེན་དུ་གཏོགས་པའི་དོམ་དང་། གཙོད། ཨེ་ཤེ་ཡའི་ཞི་ལ་སྤུ་སེར་སོགས་སྲོག་ཆགས་རྩ་ཆེན་སྣ་ཁ་20ལྷག ཤིང་རིགས་རྩི་ཤིང་སྣ་ཁ་400ལྷག་བཅས་ཡོད་པ་མ་ཟད། སྨན་བཅོས་རིན་ཐང་ལྡན་པའི་རི་སྐྱེས་རྩི་ཤིང་སྣ་ཁ་643ཡོད་པ་རེད།

    སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་སྤེལ་བཏང་བ་དང་། འཕེལ་རྒྱས་གཏོང་སྟངས་སྔར་བས་ཞི་མཐུན་དུ་གྱུར།

    རྒྱབ་ཐོག་མཚོ་མགོན་ཞེས་པའི་ས་མཐོའི་ཚྭ་མེད་མཚེའུ་དེ་ནི་མུ་ཏིག་རྡོག་གཅིག་དང་འདྲ་བར་ཀན་ལྷོའི་སྔོ་ལྗང་ས་གཞི་ཆེན་པོ་བརྒྱན་ཡོད།

    ལོ་མང་པོའི་གོང་དུ་སྔོ་ཁེབས་ཁྱབ་ཚད་ཆག་པ་དང་ས་ཆུ་ཤོར་ཚད་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་དབང་གིས་རྒྱབ་ཐོག་མཚོ་མགོན་གྱི་རྒྱ་ཁྱོན་ཆུང་དུ་རྒྱུན་ཆད་མེད་པར་ཕྱིན་པ་དང་ཐ་ན་བསྐམས་ཀྱང་མྱོང་། དེ་དུས་ཀྱི་རྒྱབ་ཐོག་མཚོ་མགོན་ནི་རྨ་ཁ་ཟབ་མོ་ཞིག་དང་འདྲ་བར་ཀན་ལྷོའི་མི་རིགས་ཁག་གི་བུ་ཕྲུག་གི་སེམས་ལ་ན་ཟུག་བསླངས་མྱོང་།

    “ཀན་ལྷོ་ནི་མེས་རྒྱལ་གྱི་ཀན་ལྷོ་དང་། ཀན་སུའུ་ཡི་ཀན་ལྷོ། བུ་རབས་ཚ་རྒྱུད་ཀྱི་ཀན་ལྷོ་བཅས་ཡིན་ལ་ང་ཚོའི་ད་ལྟའི་འགོ་ཁྲིད་ལ་རྩྭ་རྩི་ཤིང་ཉག་གཅིག་གཅོད་པའི་དབང་ཆ་མེད། ང་ཚོས་རྒྱབ་ཐོག་མཚོ་མགོན་སྔོན་ཆད་བསྐམས་མྱོང་བའི་ཉམས་མྱོང་དང་བསླབ་བྱ་དང་ལེན་བྱེད་དགོས་པ་ལས་དེ་ལྟ་བུའི་རྨ་ཁ་བསྐྱར་དུ་འབྱུང་དུ་འཇུག་མི་རུང་། བུ་རབས་ཚ་རྒྱུད་ལ་ངེས་པར་དུ་སྣོད་བཅུད་སྔར་བས་ལེགས་པའི་ཀན་ལྷོ་ཞིག་འཇོག་དགོས”ཀན་ལྷོ་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་ཡུས་ཁྲེང་ཧུའེ་ཡིས་སྐད་ཆར་སྤོབས་པས་ཁེངས་འདུག

    སྐས་དབྱིབས་ཆུ་རགས་དང་སྣོད་བཅུད་ཆུ་གསབ་ཡུར་བ་བསྐྲུན་པ། ཕྱུགས་བཀག་རྩྭ་གསོའི་སྲིད་ཇུས་ལག་བསྟར། སྨན་རྩྭ་སྔོག་འཐུ་གཏན་འགོག་སོགས་བྱེད་ཐབས་ཁག་རེ་རེ་བཞིན་ལག་བསྟར་བྱས་པ་དང་། ཞིབ་ཚགས་ཀྱི་བྱེད་ཐབས་དེ་དག་གི་རྗེས་སུ་ཕུགས་དང་འབྲེལ་བའི་ཕྱོགས་བསྡུས་རྣམ་གྲངས་སྔ་རྗེས་སུ་ལག་བསྟར་བྱས་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་རྣམ་གྲངས་གལ་ཆེན་རབ་དང་རིམ་པའང་ལག་བསྟར་བྱས་པ་རེད།

    ཟད་གྲོན་ཆེན་པོ་དང་། ཆུ་ཚད་དམའ་བ། འཁོར་སྐྱོད་དཀའ་བ་བཅས་ནས་ཟད་གྲོན་ཆུང་ངུ་དང་། ཚན་རྩལ་མཐོན་པོ། འཁོར་སྐྱོད་བཟང་པོ་བཅས་ཀྱི་ངང་ཀན་ལྷོ་ཉིད་རྒྱུན་སྲིང་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད་པ་རེད།

    སྣོད་བཅུད་དཔལ་འབྱོར་འཕེལ་རྒྱས་བཏང་བས་འབྲོག་པའི་འཚོ་བ་དེ་བས་འབྱོར་ཕྱུག་ཏུ་གྱུར་པ།

    དབྱར་གཞུང་གི་བསང་ཆུའི་སྔོ་ཐིང་ངེར་གྱུར་པའི་བསང་ཁོག་རྩྭ་ཐང་དུ་ནོར་ལུག་ནམ་མཁའི་སྐར་ཚོགས་ལྟར་གང་སར་ཁྱབ།

    བྱང་རྩྭ་ཐང་གི་གདོད་མའི“འབྲོག་ཁྱིམ་སྤྲོ་སྐྱིད་ཁང”གི་སྦྱིན་བདག་ཁྲེན་ཡུང་ཆིང་གིས་ཐག་རིང་གི་མགྲོན་པོ་བསུ་བའི་ལས་ལ་བྲེལ་བཞིན་ཡོད།

    ཁྲེན་ཡུས་ཐིང་གི“འབྲོག་ཁྱིམ་སྤྲོ་སྐྱིད་ཁང”སྤང་ལྡེབས་སུ་སྐྲུན་ཡོད། སྦྲ་གུར་ཁ་ཤས་དང་ཁང་ཆུང་ཁ་ཤས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་དེ་གར་ཡོང་རྒྱུའི་ཡིད་དབང་འཕྲོག ས་མཐོ་པོར་རྒྱང་རིང་མཛེས་ལྗོངས་ཡོངས་སུ་བསྡུ་ཐུབ་པས་དགུང་སྔོན་གྱི་སྤྲིན་ཚོགས་དང་། ས་ཐོག་གི་ནོར་ལུག རྒྱང་རིང་གི་དགོན་སྡེ་བཅས་ཚང་མ་མིག་ལམ་དུ་མཐོང་ཐུབ། བསིལ་རླུང་ཁྲོད་ཀྱི་དར་ལྕོག་ལྷབ་ལྷུབ་ཏུ་གཡོ་བ་དང་རྩྭ་རྩི་ཤིང་སྣ་ཚོགས་ལས་དྲི་ཞིམ་འཐུལ། དེ་གར་ཡོང་མཁན་ཡུལ་སྐོར་བར་ཆ་མཚོན་ན་རང་བྱུང་ཁམས་མཛེས་ལྗོངས་ཀྱི་ལོངས་སྤྱོད་ཆེན་པོར་གྱུར་ཡོད། ད་ཆ་ཀན་ལྷོའི་སྣོད་བཅུད་ཐོན་ལས་དང་པོ་ཡིན་པའི་ཡུལ་སྐོར་ལས་རིགས་ཀྱི་ནུས་པ་གལ་ཆེན་ཐོན་འགོ་ཚུགས་ཡོད། ཀན་ལྷོ་ཀྲོའུ་ཡིས་སྣོད་བཅུད་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་སྣོད་བཅུད་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཀ་མངོན་འགྱུར་བྱེད་པའི་གདམ་ག་ཡག་ཤོས་སུ་བརྩིས་ཏེ་ཀན་ལྷོའི་སྣོད་བཅུད་ལེགས་ཆར་གཞི་ཚུགས་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། A4རིམ་པའི་རྒྱལ་ཁབ་ཡུལ་སྐོར་མཛེས་ལྗོངས་ཁུལ་6དང་A3རིམ་པའི་རྒྱལ་ཁབ་ཡུལ་སྐོར་མཛེས་ལྗོངས་ཁུལ་5གཏོད་པ། སྣེ་ལེན་ནུས་པ་ལྡན་པའི་ཞིང(འབྲོག)ཁྱིམ་སྤྲོ་སྐྱིད་ཁང་དུད་ཚང་820ཡིས་འབྲོག་པའི་སེམས་རྩ་འཁོལ་པོ་དང་ལྷག་བསམ་རྣམ་དག་བརྒྱུད་དེ་སྣོད་བཅུད་བཟང་བའི་ཀན་ལྷོའི་མིང་བྱང་བརྒྱུད་བསྒྲགས་བྱེད་པ་དང་ཆབས་ཅིག ས་མཐོའི་ཁྱད་ལྡན་སྣོད་བཅུད་འབྲོག་ལས་ཀྱི་ས་ཁོངས་རང་བཞིན་གྱི་ཐོན་ལས་དང་པོ་འཕེལ་རྒྱས་མགྱོགས་པོ་བཏང་ནས་འབྲོག་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་10ཟིན་པ་དང་། འབྲོག་ལས་ཀྱིས་ཀྲོའུ་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་ལ་ལེགས་སྐྱེས་འབུལ་ཚད་25%ཡན་ཟིན་པ་དང་འབྲོག་ཁུལ་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་ལ་ལེགས་སྐྱེས་འབུལ་ཚད་70%ཡན་ཟིན་ཡོད། ས་མཐོའི་རང་བྱུང་ཁྱད་ལྡན་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ནས་ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་། དཔལ་འབྱོར་ཤིང་འབྲས་ལས་རིགས། ནགས་ཁྲོད་ལས་རིགས་བཅས་འཕེལ་རྒྱས་མགྱོགས་པོ་བཏང་སྟེ་ས་མཐོའི་བོད་སྨན་སྨན་རྒྱུའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང“ས་མཐོ་དང་། ལྗང་མདོག སྣོད་བཅུད”བཅས་ཀྱི་སྤུས་རྟགས་སྐྱེད་སྲིང་ཧུར་ཐག་བྱས་ཏེ་དཔལ་འབྱོར་འཕར་གཞི་གསར་པ་ཧུར་ཐག་བཏོད་ཡོད།

    ཁྲེན་ཡུས་ཆིང་གིས“ཞིང་ཁྱིམ་སྤྲོ་སྐྱིད་ཁང་འཛུགས་ཆེད་ངས་ལོ་དང་པོར་སྒོར་ཁྲི་15བཏང་བ་ཡིན། ལོ་དེ་རང་ལ་མ་རྩ་བསྡུ་ཐུབ་སོང་། འདི་ལོ་ཡང་སྒོར་ཁྲི་15བཏང་ནས་གཞི་ཁྱོན་ཆེ་རུ་བཏང་བ་ཡིན། དེ་གའི་སྣོད་བཅུད་བཟང་ལ་རི་སྔོ་ཆུ་དྭངས་ཡིན་པས་དེ་གར་ཡུལ་སྐོར་བྱེད་པར་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་འདུག ལྷག་པར་དུ་དུས་ཆེན་དང་གུང་གསེང་སླེབས་རིམ་བཞིན་ཚོང་ཧ་ཅང་ཡག་པོ་འདུག”ཅེས་བཤད་བྱུང་།

    ཁྲེན་ཡུས་ཆིང་གི་བྱ་གཞག་གཏོད་པའི་ཕུགས་བསམ་དང་ཀན་ལྷོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་མཐུན་ཡོད་ལ་ཀན་ལྷོ་ཀྲོའུ་ཡི“ཡུལ་སྐོར་ལ་བརྟེན་ནས་ཀྲོའུ་དར་འཕེལ”གཏོང་བའི་འཐབ་ཇུས་དང་རྦད་དེ་མཐུན་ཡོད།

    “རི་ཆུ་གཙང་མ་ཉིད་སྲུང་འཛིན་བྱས་ཚེ་བུ་རབས་ཚ་རྒྱུད་ལ་ཕན་ཐོགས་ཆེན་པོ་ཡོད”དེ་ནི་ཀན་ལྷོ་རྩྭ་ཐང་གི་འབྲོག་པ་མང་ཚོགས་ཀྱི་ཐུན་མོང་གི་སེམས་སྒྲ་ཡིན། བུ་རབས་ཚ་རྒྱུད་ལ་རི་ཆུ་ནགས་གསུམ་གཙང་མ་ཡོད་པ་བྱ་རྒྱུ་དེ་སྲོལ་རྒྱུན་གྱི་སྣོད་བཅུད་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱས་པ་ཡིན་ལ་དེ་བས་ཀྱང་སྣོད་བཅུད་ཤེས་དཔལ་གྱི་ལྟ་ཚུལ་གསར་གཏོད་དང་འཕེལ་རྒྱས་བཏང་བ་ཞིག་ཡིན། ཀན་ལྷོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་པ་དེས་རྨ་ཆུ་དང་འབྲི་ཆུའི་དབུས་སྨད་རྒྱུད་དུ་ཆུ་འབོར་དང་ཆུ་སྤུས་བརྟན་ལ་ལེགས་པོ་ཞིག་མཁོ་འདོན་བྱས་ཡོད། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་གང་ལེགས་བྱེད་པ་ནི་ཀན་ལྷོ་ཀྲོའུ་ཡི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགན་འཁྲི་བླ་མེད་ཡིན་ལ་ཀན་ལྷོའི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཁབ་ལ་འབུལ་བའི་ལེགས་སྐྱེས་གལ་ཆེན་ཡང་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།