སེམས་ཀྱི་ཉི་ཟླའི་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པར་ཡུན་ནན་སེམས་ཀྱི་ཉི་ཟླའི་སུམ་རྩེན་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། དགོན་པ་དེ་A5རིམ་པའི་མཛེས་ལྗོངས་ཁུལ་དུ་བསྐྲུན་རྒྱུ་དེ་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སུམ་རྩེན་གླིང་དགོན་པ་A5རིམ་པའི་མཛེས་ལྗོངས་ཁུལ་དུ་སྐྲུན་པའི་འགོ་ཁྲིད་ཚོགས་ཆུང་གིས་མ་དངུལ་མི་འདང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་སུ་ལུས་པ། སྡེ་ཁུལ་གྱི་ཁོར་ཡུག་རྙོག་འཛིང་ཆེ་བ་སོགས་དཀའ་ངལ་མང་པོའི་འོག་གསར་སྐྲུན་ལས་དོན་ཧུར་ཐག་ངང་སྤེལ་བར་ན་ནིང་ཟླ་5པར་ཞིང་ཆེན་རིམ་པའི་ཞིབ་དཔྱད་ཐོབ་ནས་ཉེ་དུས་སུམ་རྩེན་གླིང་དགོན་གྱི་མཛེས་ལྗོངས་ཁུལ་གྱི་རིན་ཐང་ཆེད་དོན་ཞིབ་དཔྱད་ཚོགས་འདུ་འཚོག་རྒྱུ་ཡིན་པ་རེད།
སུམ་རྩེན་གླིང་དགོན་མཛེས་ལྗོངས་ཁུལ་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་དུ་གྲུབ་འབྲས་ཐོབ་པའི་ངང་རེ་ཞུ་བྱས་རྗེས། སེམས་ཀྱི་ཉི་ཟླའི་སྤུས་རྟགས་ཆེན་པོ་དེ་སྔར་བས་གཏོད་པ་དང་། མཛེས་ལྗོངས་ཁུལ་གྱི་སྤུས་ཀ་མཐོ་རུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་དགོན་སྡེ་བསྐྲུན་པ་བཅས་བྱ་ཆེད། 2012ལོའི་ཟླ་11པར་A5རིམ་པ་བསྐྲུན་པའི་ལས་དོན་སྤེལ་འགོ་བཙུགས་པ་རེད། ཉེ་བའི་ལོ་གཉིས་རིང་རིམ་སྤོར་སྒྱུར་བཀོད་བྱས་པ་བརྒྱུད། ཡུལ་སྐོར་བའི་ལྟེ་གནས་ཀྱི་སྤུས་ཚད་མཐོར་གཏོང་སྒྱུར་བཅོས་དང་། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག གསང་སྤྱོད་སྒྱུར་བཀོད་སོགས་ལས་དོན་ཁག་ལེགས་གྲུབ་ཟིན་ནས། དངུལ་ལེན་འཕྲུལ་ཆས་དང་སྦྲག་ཏར་སྒྲིག་བཀོད་མང་དུ་བཏང་བ་དང་། མཚོན་རྟགས་དང་མཚོན་བྱང་གསར་སྐྲུན་དང་། གད་གཞོང་གསར་བརྗེ། རླངས་འཁོར་འཇོག་ས་སྒྱུར་བཅོས། ལྟ་སྐུལ་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ལས་དོན་སྤེལ་བ་རེད། ན་ནིང་ཟླ་5པར་མཛེས་ལྗོངས་ཁུལ་གྱིས་ཡུན་ནན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་Aརིམ་པའི་དཔྱད་འདེམས་རིགས་གཅིག་མཁས་ཅན་གྱི་ཞིབ་དཔྱད་ཁྲོད་ཞིང་ཆེན་རིམ་པའི་རིགས་གཅིག་མཁས་ཅན་གྱི་ཁས་ལེན་དང་གདེང་འཇོག་བཟང་པོ་ཐོབ་ནས། མཐར་གྲུབ་འབྲས་སྐར་མ་96.5ཡི་ཐོག་ནས་ཞིང་ཆེན་རིམ་པའི་དཔྱད་འདེམས་ཐོབ་པ་རེད། ཞིང་ཆེན་རིམ་པའི་ཞིབ་དཔྱད་བྱས་རྗེས། གྲོང་ཁྱེར་དེས་ཞིང་ཆེན་རིམ་པའི་ཐོག་བཏོན་པའི་བཅོས་སྒྲིག་བསམ་འཆར་གཞིར་བཟུང་མཛེས་ལྗོངས་ཁུལ་གྱི་A5རིམ་པ་གསར་སྐྲུན་ལས་གྲྭའི་དུས་ཐེངས་གསུམ་པའི་ལས་དོན་གསལ་པོ་བཟོས་པ་རེད།
ལོ་གཅིག་ཙམ་འབད་བརྩོན་བྱས་པ་བརྒྱུད་མིག་སྔར་མཛེས་ལྗོངས་ཁུལ་གྱི་དགོན་སྡེའི་གྲ་ཤག་སྒྱུར་བཀོད་དང་། མཛེས་ལྗོངས་ཁུལ་སྔོ་འགྱུར། རླངས་འཁོར་འཇོག་ས་སྒྱུར་བཀོད། གད་གཞོང་གསར་བརྗེས། མཛེས་ལྗོངས་ཁུལ་གྱི་མཚོན་རྟགས་དང་མཚོན་བྱང་མ་ལག་འཛུགས་སྐྲུན། ཡུལ་སྐོར་བའི་ལྟེ་གནས་བཅོས་སྒྲིག་རྣམ་གྲངས། མཛེས་ལྗོངས་ཁུལ་གྱི་གསང་སྤྱོད་སྤུས་ཚད་མཐོར་གཏོང་རིམ་སྤོར། ནང་ངོས་དོ་དམ་དང་ཞབས་ཞུའི་ཆུ་ཚད་མཐོར་གཏོང་ལས་དོན། མཚོ་འགྲམ་གྱི་ར་སྐྱོར་སྔོ་འགྱུར་དང་ཉམས་གསོའི་ལས་གྲྭ མཛེས་ལྗོངས་ཁུལ་གྱི་གདེང་འཇོག་སྙན་ཞུ་དང་དྲིལ་བསྒྲགས་པར་གཞི་ཕབ་བཟོ་སོགས་ལས་དོན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ་རེད། གློག་དྲ་སྒྱུར་བཅོས་དང་ས་འོག་ཏུ་ལྕགས་མདོང་གདིང་བ་དང་། གདུང་འདེགས་འཕྲང་ལམ་དང་མཛེས་ལྗོངས་སྟེགས་བུ་ཉམས་གསོ་དང་གསར་སྐྲུན། མཛེས་ལྗོངས་ཁུལ་གྱི་ལྟ་སྐུལ་ཚོད་འཛིན་མ་ལག་དང་རིག་ནུས་ཅན་གྱི་མ་ལག་འཛུགས་སྐྲུན་རྣམ་གྲངས་སོགས་ཀྱང་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་རེད། གནས་སྐབས་མ་དངུལ་དོན་འཁྱོལ་མ་ཐུབ་པ་དང་དགོན་སྡེའི་མཐུན་སྦྱོར་ལས་དོན་ཐག་གཅོད་བྱས་མེད་རྐྱེན། ཆར་ཆུ་དང་ཆུ་སྙིགས་ལོགས་དབྱེ་དང་མཚོ་ཁུལ་བཅོས་སྐྱོང་ལས་དོན་ལེགས་གྲུབ་བྱུང་མེད་པ་ཕུད། མིག་སྔར་མཚོ་ཁུལ་གྱི་རྩྭ་ཆུ་བཅོས་སྐྱོང་དང་གད་སྙིགས་གཙང་སེལ་སོགས་ཀྱི་ལས་དོན་ལེགས་གྲུབ་ཟིན་པ་རེད། མཚེའུ་མགོ་ལུང་པ་དང་ཁ་ན་ཡུག་ཁུལ་གྱི་ཡུལ་མིའི་སྡོད་ཁང་གི་རྫ་ལེབ་བཅོས་སྒྲིག་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་དང་། སྡེ་ཁུལ་གྱི་འགྲོ་ལམ་གཉིས་འཛུགས་སྐྲུན་གྱི་སྤྱིའི་བསྐྲུན་གྱི་ཚད་གཞིའི་30%ལེགས་གྲུབ་ཟིན་པ་རེད། ཀུའུ་ལུང་གྲོང་མི་ཚོགས་ཆུང་གི་མ་ལམ་ལམ་རྒྱུད་ཀྱི་གང་བྱུང་དུ་བརྒྱབ་པའི་ཁང་པ་བཤིག་པ་དང་མང་ཚོགས་ཀྱི་སྡོད་ཁང་195ཡི་གྱང་ངོས་ལ་དཀར་རག་བྱུག་ཟིན་པ་རེད། གོམ་སྟབས་རྗེས་མར་རྒྱལ་ཐང་གྲོང་རྡལ་གྱིས་ད་དུང་ཀུའུ་ལུང་དང་ཁ་ན་གྲོང་མི་ཚོགས་ཆུང་གི་ཁྱད་ལྡན་ཐོན་ལས་འདེབས་འཛུགས་དང་གསོ་སྤེལ་ཏེ། ནས་དང་། པད་ཁ། ཞོག་ཁོག་བཅས་འདེབས་འཛུགས་དང་འབྲི་གཡག་གསོ་སྤེལ་ལ་རོགས་སྐྱོར་བྱ་རྒྱུ་རེད།