དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རྐང་ཐང་མར་བསྐྱོད་ནས་མཚོ་སྔོན་པོའི་ཡུལ་ལྗོངས་ཉམས་སུ་མྱོང་བ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-08-11

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ལུས་རྩལ་ཆེད་དོན་གློག་འཕྲིན་འབྱོར་གསལ། པེ་ཅིང་ནས་སླེབས་པའི་རྐང་ཐང་ལ་དགའ་བའི་སུང་ལི་ཀོང་གིས་མཚོ་སྔོན་པོའི་ངོགས་སུ་དར་ཆུང་གཡུགས་ནས་གླུ་དབྱངས་ལེན་བཞིན་རྐང་ཐང་མར་བསྐྱོད་དེ་མཚོ་སྔོན་པོའི་ཡུལ་ལྗོངས་ཉམས་སུ་མྱོང་བཞིན་མཆིས།

    ཚེས་3ཉིན་ནི་2015ལོའི་མཚོ་སྔོན་པོ་སྐོར་བའི་རྒྱལ་ཡོངས་ཀྱི་རྐང་ཐང་འདུ་ཚོགས་ཚོགས་པའི་ཉིན་གསུམ་པ་ཡིན་ཞིང་། རྒྱལ་ཡོངས་ས་གནས་ཁག་ནས་སླེབས་པའི་རྐང་ཐང་ལ་དགའ་པོ་བྱེད་མཁན་ཚོས་རྟ་ནག་ཆུ་བོའི་སྒར་ས་དང་པོ་ནས་རྟ་ནག་ཆུ་བོའི་སྒར་ས་གཉིས་པའི་ཕྱོགས་སུ་སྐྱོད་འགོ་ཚུགས་པ་དང་ལམ་ཐག་སྤྱི་ལེ་23ཡོད་པ་རེད།

    རྐང་ཐང་མར་སྐྱོད་བཞིན་པའི་ཞའོ་ཡུས་ཀྱི་སེམས་ཤུགས་སྔར་བཞིན་ཆེན་པོ་ཡོད། རྐང་ཐང་མར་མཚོ་སྔོན་པོ་སྐོར་ཐེངས་གཉིས་པ་ཡིན་པའི་སུང་ལི་ཀོང་གིས“མཚོ་སྔོན་གྱི་ནམ་མཁའ་འདི་འདྲ་སྔོ་བ་དང་། མཁའ་རླུང་འདི་འདྲའི་གཙང་བ། སྤྲིན་པ་དེ་འདྲའི་དམའ་བ་ལ་ཨང་། འདི་རང་དུ་སྐས་འཛེག་ཅིག་བཙུགས་ན་སྤྲིན་པའི་ཐོག་ཏུ་སླེབས་རྒྱུ་ལྟ་བུའི་འཆར་སྣང་ཞིག་བྱུང་། མཚོ་སྔོན་པོ་དངོས་འབྲེལ་མཛེས་པོ་འདུག”ཅེས་བཤད་བྱུང་།

    ས་མཐོའི་རྩྭ་ཐང་དུ་རྐང་ཐང་མར་སྐྱོད་སྐབས་མི་རིང་བའི་སར་བརྗིད་ཉམས་ལྡན་པའི་མཚོ་སྔོན་པོ་མཐོང་གི་འདུག མཚོ་སྔོན་པོའི་ངོགས་ནས་སྐྱོད་སྐབས་རང་གི་རྣམ་ཤེས་རྦད་དེ་གློད་གྲོལ་ཐུབ་པ་ལྟ་བུའི་ཚོར་སྣང་ཞིག་བྱུང་། དེ་ལྟ་བུའི་ཚོར་སྣང་ནི་ལྕགས་ལས་གྲུབ་པ་ལྟ་བུའི་གྲོང་ཁྱེར་ནས་ཡོང་ཐབས་བྲལ།

    མཚོ་སྔོན་དུ་འབྱོར་རིམ་བཞིན་ཤེས་རྟོགས་གསར་པ་ཡོང་གི་འདུག “མཚོ་སྔོན་དུ་ཐེངས་གཉིས་རང་ལས་སླེབས་མྱོང་མེད་ནའང་། ངའི་ཡིད་དབང་འདི་གར་ཡོད་པའི་འབྲི་གཡག་དང་། པད་ཁ། མུ་མཐའ་མེད་པའི་རྩྭ་ཐང་བཅས་ཀྱིས་ཕྲོགས་སོང”ཞེས་སུང་ལི་ཀོང་གིས་བཤད་བྱུང་།

    རྐང་ཐང་མར་བསྐྱོད་རྒྱུ་ནི་གཞོན་ནུ་གཅིག་པུར་ དབང་བའི་ལུས་རྩལ་ཞིག་མིན་ཞིང་། ཅང་སུའུ་ཁྲང་ཀྲོའུ་ནས་ཡིན་པའི་ལོ་66ལ་སླེབས་པའི་བགྲེས་སོང་ལིའུ་ཡོན་གྱིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱིས་ཁང་ཕྱིའི་ལུས་རྩལ་ལ་ལོ་ནའི་དབྱེ་བ་མེད་པ་ར་སྤྲོད་བྱས་ཡོད་ལ་བྱ་སྤྱོད་དངོས་ཀྱི་རྐང་ཐང་ལུས་རྩལ་ལ་དགའ་ཞེན་ཆེན་པོ་བྱེད་ལུགས་ཀྱང་མཚོན་ཡང་བྱས་ཡོད།

    དེའི་གོང་ལིའུ་ཡོན་གྱིས་རྩྭ་ཐང་དངོས་སུ་མཐོང་མྱོང་མེད། ད་རེས་མཚོ་སྔོན་དུ་འབྱོར་རྗེས་ཁོང་གི་བསམ་འདུན་གྲུབ་ཅིང་། ཁོང་གིས་མཚོ་སྔོན་གྱི་ཁོར་ཡུག་ཧ་ཅང་མཛེས་པོ་འདུག དེར་འབྱོར་རྗེས་ལུས་ཁམས་བདེ་ཞིང་སེམས་པ་སྐྱིད་པོ་བྱུང་། “རང་ཉིད་ལོ་66ལ་སླེབས་ནའང་པུས་མོ་ཡག་པོ་ཡོད་པ་མ་ཟད། གཟུགས་པོའང་ཐང་པོ་ཡོད”ཅེས་ལིའུ་ཡོན་གྱིས་བཤད་བྱུང་།

    ཤེས་རྟོགས་བྱུང་བར་གཞིགས་ན། ལུག་ལོར་མཚོ་སྐོར་བ་དང་རྟ་ལོར་རི་སྐོར་བ་ནི་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ཞིག་རེད། མི་རབས་མང་པོ་མཚོ་སྔོན་པོའི་ངོགས་སུ་ཆགས་པའི་བོད་རིགས་མང་ཚོགས་ཀྱིས་ལོ་དྲུག་ཅུར་ཐེངས་གཅིག་མ་གཏོགས་མེད་པའི་ཆུ་ལུག་ལོར་ལྷག་བསམ་དག་པོས་ཕྱག་འཚལ་ནས་མཚོ་སྔོན་པོ་བསྐོར་ན་མ་ཎི་དུང་ཕྱུར་18བསགས་པ་དང་ཁྱད་མེད་པ་དང་ཕན་ཡོན་ཤིན་ཏུ་ཆེ་བའི་ངོས་འཛིན་བྱེད་ཀྱི་ཡོད།

    “དུས་སང་ད་དུང་ཡོང་རྩིས་ཡོད། དུས་སང་ཡོང་ན་མཚོ་སྔོན་པོ་ཡོངས་སུ་བསྐོར་ཟིན། ལོ་གསུམ་ནང་མཚོ་སྔོན་པོ་ཡོངས་སུ་བསྐོར་རྒྱུ་ནི་ངའི་མི་ཚེ་འདིར་ངེས་པར་དུ་བསྒྲུབ་དགོས་པའི་བྱ་བ་ཞིག་ཡིན”ཞེས་སུང་ལི་ཀོང་གིས་བཤད་བྱུང་།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་པོ་སྐོར་བའི་རྒྱལ་ཡོངས་ཀྱི་རྐང་ཐང་འདུ་ཚོགས་2012ལོར་ཚོགས་འགོ་ཚུགས་པ་དང་། ལོ་ལྟར་ཉིན་བཞི་རུ་བགོས་ནས་ལམ་ཐག་སྤྱི་ལེ་120བསྐྱོད་རྒྱུ་དང་ལོ་གསུམ་ནང་མཚོ་སྐོར་ཡོངས་སུ་འཁོར་བ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།