དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཀན་སུའུ་ཀན་ལྷོས་ཤམ་བྷ་ལ་ཡུལ་སྐོར་དུས་ཆེན་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-06-26

    ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། སྐབས་བཅུ་དྲུག་པའི་ཀྲུང་གོའི་ཚོན་མདོག་སྣ་དགུའི་ཀན་ལྷོའི་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དང་སྐབས་གཉིས་པའི་འབྲུག་ཆུ་དམངས་སྲོལ་གོམས་འདྲིས་ཆ་ཡིག་རིག་གནས་དུས་ཆེན་ཀན་སུའུ་འབྲུག་ཆུར་བཏང་ཞིང་། དེའི་རིང་སུང་ཧྥུང་ཆ་ཡིག་ལྒང་ཞུའི་དུས་ཆེན་དང་། པོ་ཀུའུ་མེ་ཏོག་དུས་ཆེན། སྦ་གསལ་ཆུ་མཆོད་དུས་ཆེན་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མཛེས་སྡུག་ལྡན་པའི་འབྲུག་ཆུ་གསར་པ་མངོན་པར་བྱས་པ་རེད།

    ཀན་སུའུ་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་ཆགས་པའི་འབྲུག་ཆུ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་གནམ་གཤིས་ཚ་གྲང་སྙོམས་ཤོས་ཀྱི་རྫོང་ཤིག་ཡིན་པར“བོད་ཡུལ་གྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་བརྗོད་སྲོལ་ཡོད། སྐབས་དེར་ཀྲུང་གོ་ཆ་ཡིག་མཐུན་ཚོགས་ཀྱིས་འབྲུག་ཆུར“ཀྲུང་གོ་ཆ་ཡིག་རིག་གནས་རྫོང”གི་མཚན་སྙན་སྤྲད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་དེའི་སྒྱུ་རྩལ་རིག་གནས་དུས་ཆེན་དེ་ཀྲུང་གུང་ཀན་ལྷོ་ཀྲོའུ་ཨུད་དང་ཀན་ལྷོ་ཀྲོའུ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གུང་འབྲུག་ཆུ་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་གིས་གཉེར་འགན་བླངས་པ་ཞིག་རེད། སྒྱུ་རྩལ་དུས་ཆེན་གྱི་བྱེད་སྒོས“ཚོན་མདོག་སྣ་དགུའི་ཀན་ལྷོའི་ཤམ་བྷ་ལ། བརྩེ་བའི་བོད་ཡུལ་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་འབྲུག་ཆུའི་མཚོ་ལས་ཟབ་པའི་དམངས་ཁྲོད་རིག་གནས་མཚོན་པར་བྱས་པ་རེད།

    འབྲུག་ཆུ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྲེ་ཧྭ་ཞུང་གིས་འགོ་ཚུགས་མཛད་སྒོའི་ཐོག་སྒྱུ་རྩལ་དུས་ཆེན་དེ་ནི་འབྲུག་ཆུས“ཡུལ་སྐོར་ལས་རིགས་ལ་བརྟེན་ནས་འབྲུག་ཆུ་དར་རྒྱས་ཡོང་བར་བྱ་རྒྱུའི”འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། “ཡུལ་སྐོར་ཆེན་པོའི”འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཡུལ་སྐོར་རིག་གནས་ཐོན་ལས་ཀྱི་རྒྱ་སྟོབས་སྔར་བས་ཆེ་རུ་གཏོང་བ་བཅས་ཀྱི་བྱ་སྤྱོད་དངོས་ཤིག་རེད་ལ་འབྲུག་ཆུའི་གེགས་རྗེས་བསྐྱར་སྐྲུན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་འབྲུག་ཆུའི་མི་དམངས་ཀྱིས་བཀའ་དྲིན་བསམ་བཞིན་འཕེལ་རྒྱས་མགྱོགས་པོ་གཏོང་བ་ཕྱོགས་ཡོངས་ནས་མངོན་པར་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཀྱང་རེད། དེས་ཀན་ལྷོ་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན་བཅས་ཀྱི་རྣམ་པ་མཚོན་པར་བྱས་ཡོད་ཅེས་བཤད་པ་རེད།

    ཧྲེ་ཧྭ་ཞུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འབྲུག་ཆུར་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། འདིར་དཀར་གཙང་ཁ་བཏགས་རི་ཚོགས་གཡང་གཟར་ལ་བསྒྲོན་པ་ལྟར“གཙང་པོ་གཅིག་དང་ཆུ་བོ་གཉིས”དང་། ཡུལ་ལྗོངས་ལྷག་པར་མཛེས་པའི་རང་བྱུང་མཛེས་ལྗོངས། ཁྱབ་རྒྱ་ཆེ་ཞིང་གཏིང་ཟབ་པའི་རྒྱལ་ཁབ་གསུམ་གྱི་རིག་གནས་ལ་སོགས་ཡོད་པ་རེད། གཞན་ཡང་ས་ཕྱོགས་གང་སར་སྐད་གྲགས་ཆོད་པའི་སུང་ཧྥུང་ཆ་ཡིག་ལྒང་ཞུའི་དུས་ཆེན་དང་། པོ་ཀུའུ་མེ་ཏོག་དུས་ཆེན། སྦ་གསལ་ཆུ་མཆོད་དུས་ཆེན་སོགས་དམངས་སྲོལ་དུས་ཆེན་ཡང་གཏོང་སྲོལ་ཡོད་པ་རེད།

    འགོ་ཚུགས་མཛད་སྒོའི་ཐོག་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་རྡོ་སྡེང་གི་སྒོར་གཞས་དང་དེ་བཞིན་བོད་རིག་པའི་ཚིག་མཛོད་ཆེ་མོའི་ནང་བཀོད་པའི་གླུ་གླུ་བྲོ་དང་། དམངས་ཁྲོད་རྒྱ་འཆམ། ཞབས་བྲོ་དབྱང་ཀོ་སོགས་འཁྲབ་སྟོན་བྱས་པ་མ་ཟད། ད་དུང་ཡིག་གཟུགས་དང་། པར་རིས། རི་མོ། ཤོག་དྲས། ཕར་ཆིན། དམངས་སྲོལ་རིག་དངོས་སོགས་ཀྱང་འགྲེམས་སྟོན་བྱས་པ་རེད།

    སྒྱུ་རྩལ་དུས་ཆེན་དེས་གེགས་རྗེས་འབྲུག་ཆུའི་རྣམ་པར་བཀྲ་བའི་མི་རིགས་རིག་གནས་དང་། དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་སྲོལ་གོམས་འདྲིས། ལྟ་ན་སྡུག་པའི་རང་བྱུང་ཡུལ་ལྗོངས། མཚར་སྡུག་ལྡན་པའི་མི་ཆོས་ཡུལ་ལྗོངས་བཅས་ཕྱོགས་ཡོངས་ནས་བསྟན་རྒྱུར་ཕན་པ་ཡོད་ལ་ཡུལ་སྐོར་བ་སྔར་བས་མང་པོའི་ཡིད་དབང་ཀྱང་འཕྲོག་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།