མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས་མཚོ་སྔོན་གཏེར་ལེན་ཁ་གནམ་ཐང་གིས་ཤར་ཕྱོགས་མཁའ་འགྲུལ་དང་མཉམ་དུ་རིན་གོང་དམའ་བའི་གནམ་གྲུའི་སྤ་སེ་བཙོངས་པས་རྒྱ་ཆེའི་ཡུལ་སྐོར་བ་དང་གྲོང་མིས་དགའ་པོ་བྱས་ནས་གནམ་ཐང་གིས་འགྲུལ་པ་མང་ཤོས་ཀྱི་དུས་བསུས་པ་དང་། དུས་གཏན་གནམ་གྲུའི་ནང་བཞུགས་ཚད་བརྟན་པོའི་ངང་འཕར་བ་མ་ཟད། དུས་གཏན་གནམ་གྲུ་རེ་ཟུང་ལ་སྤ་སེ་རག་དཀའ་བའི་སྣང་ཚུལ་ཡང་ཐོན་ཡོད། དེའི་ཁྲོད་ཟླ་6ཚེས་12ཉིན་ཕྱིར་བསྐྱོད་མཁན་འགྲུལ་པ་97%ཟིན་པ་དེ་ནི་གནམ་ཐང་ཤར་གཏོང་ཐུབ་ཚུན་འགྲུལ་པ་བཞུགས་ཚད་མང་ཤོས་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དབྱར་དུས་ནི་མཚོ་སྔོན་དུ་སྲོལ་རྒྱུན་གྱི་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་ཤིག་ཡིན་པ་དང་གཏེར་ལེན་ཁ་ས་ཁུལ་གྱིས་ཟླ་དྲུག་པ་ནས་བཟུང་ཡུལ་སྐོར་བ་དེ་བས་མང་བ་གཅིག་རྗེས་གཉིས་མཐུད་ངང་བསུས་ཡོད། གྲོང་མི་དང་ཡུལ་སྐོར་བ་དེ་བས་མང་བས་ད་ཐེངས་ཀྱི་གཟིགས་སྐྱོང་བྱེད་སྒོ་ཤེས་རྟོགས་དང་རིན་གོང་དམའ་བའི་གནམ་གྲུའི་སྤ་སེ་ཉོ་ཐུབ་ཆེད་གཏེར་ལེན་ཁ་གནམ་ཐང་ཡན་ལག་ཀུང་སིས་ལས་མི་སྒྲིག་འཛུགས་ཐེངས་མང་བྱས་ནས་གྲོང་ཁུལ་དང་། དེ་བཞིན་དེའི་མཐའ་འཁོར་ཤང་དང་གྲོང་རྡལ་གྱི་མི་སྣ་འདུ་འཛོམས་ཆེ་ཁུལ་དུ་བསྐྱོད་ནས་དུས་གཏན་གནམ་གྲུ་དང་མཁའ་ལམ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་ཁྲོམ་རའི་གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་མཁའ་འགྲུལ་ཀུང་སི་དང་སྤ་སེའི་རིན་གོང་ཐད་སྤེལ་རེས་བྱས་ཡོད།
ད་ཐེངས་ཀྱི་རིན་གོང་དམའ་བའི་གནམ་གྲུའི་སྤ་སེས་ཁྲོམ་རར་སྐུལ་འདེད་ནུས་པ་མངོན་གསལ་དོད་པོ་ཐོན་ནས་་རང་བརྟེན་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་མེ་འཁོར་མི་སྡོད་པར་གནམ་གྲུར་སྡོད་པ་མ་ཟད། ས་གནས་དེ་གའི་ཞིང་འབྲོག་པ་མང་པོ་ཞིག་གི་གནམ་གྲུར་སྡོད་པའི་ཕུགས་འདུན་ཡང་མངོན་འགྱུར་བྱུང་ཡོད། ལོ་70ལྷག་ཙམ་ལ་སླེབས་པའི་བགྲེས་སོང་ཞིག་གིས“ད་ཆ་གནམ་གྲུའི་སྤ་སེའི་རིན་གོང་མེ་འཁོར་སྤ་སེ་དང་ཧ་ལམ་མཚུངས་པ་དང་རླངས་འཁོར་ནང་རིན་མེད་ངང་སྡོད་རྒྱུ་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག ཕྲུ་གྲུས་ང་ལ་ཆེད་མངགས་གནམ་གྲུའི་སྤ་སེ་ཉོས་འདུག འདི་ནི་ང་གནམ་གྲུར་སྡོད་ཐེངས་དང་པོ་ཡིན། གནམ་གྲུའི་ནང་གི་ལས་དོན་མི་སྣས་ང་ལ་ད་དུང་ཁྲག་ཤེད་ལྟ་བ་དང་འགྲོ་ལུགས་གཉེར་རོགས་བྱས་བྱུང་བས་དངོས་འབྲེལ་དགའ་པོ་བྱུང”ཞེས་བཤད།