དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ཉིང་ཁྲི་ནས་སྨན་གླིང་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་ཟླ་8ཚེས་30ཉིན་ཤར་གཏོང་ཐུབ་རེ་ཡོད་པ།

  •     སྤེལ་དུས།  2015-06-16

    མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གཞུང་ལམ་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཆར་པ་སིམ་སིམ་བབ་པའི་ཁྲོད་ཉེན་འགོག་ཞྭ་མོ་གྱོན་པའི་བཟོ་པ་ཚོ་ཚ་ཚ་འུར་འུར་ངང་ཨར་སྐྲུན་ལས་ལ་གཞོལ་ནས་སྨི་1800ཡོད་པའི་ཟམ་ཆེན་ཞིག་ཡར་ཀླུང་གཙང་པོའི་ཐོག་རྒྱག་བཞིན་ཡོད་པ་རེད། གསར་འགོད་པར་ས་གནས་ས་ཐོག་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ཉིང་ཁྲི་ནས་སྨན་གླིང་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་ABདུམ་བུ་གཉིས་ཀྱི་རྨང་གཞིའི་འཛུགས་སྐྲུན་གྱི་གཙོ་གནད་ལས་གྲྭ་སྤྱིར་ལེགས་གྲུབ་ཟིན་ནས་སྔོན་གཏན་འཁེལ་བའི་འཆར་གཞི་ལྟར་ཟླ་8ཚེས་30ཉིན་གཞུང་ལམ་ཧྲིལ་པོ་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།

    མི་གྲངས་100ལྷག་ཙམ་ཡོད་པའི་ཨར་སྐྲུན་བྱ་ཡུལ་དུ་ཟམ་ངོས་ཧྲིལ་པོར་སྒྲོམ་སྐྱོར་ལྷུ་སྒྲིག་དང་། ཟམ་ངོས་འདིང་བ། འདེགས་འཁོར་གྱིས་དུས་ཚོད་གཏན་འཁེལ་ཐོག་ཨར་ལས་རྒྱུ་ཆ་སྐྱེལ་བ་སོགས་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་ཅིང་། རྣམ་གྲངས་ཀྱི་Bདུམ་བུའི་བཟོ་བཀོད་པ་ལིའུ་རུན་ཞི་ཡིས“ཡར་ཀླུང་གཙང་པོའི་ཟམ་ཆེན་དེ་ནི་གནམ་ཐང་གི་ཆེད་སྤྱོད་གཞུང་ལམ་ཐོག་གི་ཟམ་པ་ཆེ་ཤོས་དེ་ཡིན་པ་དེར་ཟམ་མིག་60དང་། ཟམ་གདན་59 Tདབྱིབས་ཀྱི་གདུང་མ་540བཅས་ཡོད”ཅེས་གསར་འགོད་པར་བཤད།

    ཉིང་ཁྲི་གྲོང་ཁྱེར་ནས་སྨན་གླིང་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་དེར་བསྡོམས་མ་དངུལ་སྒོར་དུང་ཕྱུར་15.4བཏང་ནས་ABདུམ་བུ་གཉིས་ལ་དབྱེ་ཡོད་ཅིང་། Aདུམ་བུ་ནི་བྲག་ཡིབ་ཀྱི་ཟམ་པ་གཉིས་པའི་ནུབ་ངོས་ཟམ་མགོ་ནས་སྨན་གླིང་ཞིང་ར་བར་ཡིན་པ་དང་Bདུམ་བུ་ནི་སྨན་གླིང་ཞིང་ར་ནས་སྨན་གླིང་གནམ་ཐང་བར་ཡིན་པ་དང་དེའི་རིང་ཚད་ཧྲིལ་པོར་སྤྱི་ལེ་45.229ཡོད་པ་དང་ཟམ་པ་14ཡོད་པའི་ནང་ཟམ་ཆེན་པོ་3ཡོད་པ་རེད། ཆེད་སྤྱོད་གཞུང་ལམ་ཐོག་སྐྱོད་པའི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་80ཡིན་པ་དང་ཕྱོགས་གཉིས་སུ་རླངས་འཁོར་བཞི་སྐྱོད་ས་ཡོད་པ་རེད། ལས་གྲྭ་དེ་2014ལོའི་ཟླ་7པར་ལས་འགོ་བཙུགས་པ་དང་འདི་ལོའི་ཟླ་8ཚེས་30ཉིན་གཞུང་ལམ་ཧྲིལ་པོ་ལེགས་གྲུབ་ཟིན་རྒྱུ་ཡིན་པ་རེད།

    རྣམ་གྲངས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་ཧྲེ་ཧུང་ཡུས་ཀྱིས“ལས་གྲྭའི་དུས་ཚོད་ཛ་དྲག་པས་ང་ཚོས་ལོ་གསར་དང་དུས་ཆེན་ཚང་མར་ལས་དུས་འཕར་མ་བྱས་པ་མ་ཟད། ལྷག་དོན་དུ་དགུན་དུས་ཡར་ཀླུང་གཙང་པོའི་ཆུ་ཆུང་དུ་འགྲོ་བའི་དུས་སུ་ཟམ་མིག་བཟོ་བའི་དུས་ཚོད་ཡག་ཤོས་ཡིན་སྟབས་དེ་དུས་མི་གྲངས་400ལྷག་ཙམ་གྱིས་མཉམ་དུ་ཨར་ལས་ལ་གཞོལ་ཡོད། གནམ་ཐང་གི་ཆེད་སྤྱོད་གཞུང་ལམ་ཤར་གཏོང་ཐུབ་རྗེས་ཉིང་ཁྲི་ནས་སྨན་གླིང་གནམ་ཐང་བར་དུས་ཚོད་ཆུ་ཚོད་ཕྱེད་ཀ་ཙམ་ཐུང་དུ་འགྲོ་རྒྱུ་དང་ཆབས་ཅིག་ཞིང་ཆེན་གྱི་ལམ་306དང་། རྒྱལ་ལམ་318 སྨན་རི་གཞུང་ལམ་དང་སྒང་ཕད་གཞུང་ལམ་སྦྲེལ་མཐུད་ཐུབ་ནས་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་སྐྱོད་མགྱོགས་སུ་འགྲོ་རྒྱུ་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།