ཡུན་ནན་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཡུན་ནན་བདེ་ཆེན་ཀྲོའུ་ཡིས་ཡུལ་སྐོར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱེད་འགོ་བཙུགས་ཚུན་རིམ་ཁག་འབྲེལ་ཡོད་སྡེ་ཚན་གྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་བཅོས་སྒྲིག་བྱ་སྤྱོད་དེ་གཏིང་ཟབ་པའི་ཕྱོགས་སུ་སྐུལ་འདེད་བཏང་ཡོད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཡུལ་སྐོར་གྱི་ལྟ་སྐུལ་དོ་དམ་སྟེགས་བུའི་དུས་འགོའི་སྲུང་སྐྱོང་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ཡུལ་སྐོར་ལས་དོན་ཁང་31དང་ཡུལ་སྐོར་མཛེས་ལྗོངས་ཁུལ་4ཡི་ཆ་འཕྲིན་སྲུང་སྐྱོང་ལས་དོན་ལེགས་བསྒྲུབས་བྱས་ཏེ་ཡུལ་སྐོར་ལྟ་སྐུལ་དོ་དམ་སྟེགས་བུས་ཡུལ་སྐོར་ཚོགས་པར་ལྟ་སྐུལ་དོ་དམ་བྱ་རྒྱུར་རྨང་གཞི་བཏིང་ཡོད། ཟླ་4ཚེས་13ཉིན་ནས་ཟླ་4ཚེས་19ཉིན་བར་གྲོང་ཁྱེར་དེའི་ཡུལ་སྐོར་ཅུས་ཀྱིས་ཡུལ་སྐོར་ཕྱོགས་བསྡུས་ཞིབ་བཤེར་ས་ཚིགས་སུ་འགྲིམ་འགྲུལ་ཉེན་རྟོག་དང་། སྐྱེལ་འདྲེན། སྤྱི་བདེ་བཅས་དང་མཉམ་དུ་སེམས་ཀྱི་ཉི་ཟླར་ཡོང་མཁན་ཡུལ་སྐོར་ཚོགས་པར་ཞིབ་བཤེར་བྱས་ཤིང་། དེའི་ནང་ཁྱོན་རླངས་འཁོར་ཐེངས་2752ལ་ཞིབ་བཤེར་བྱས་པ་དང་ཡུལ་སྐོར་ཚོགས་པའི་ཚད་དང་མ་མཐུན་པའི་བྱ་སྤྱོད་རིགས་48ལ་ལེགས་བཅོས་བྱ་དགོས་པའི་ཐ་ཚིག་བསྒྲགས་པ་དང་། ཡུལ་སྐོར་སྣེ་ཤན་པ་དང་ཡུལ་སྐོར་ཁ་ལོ་བས་ལུས་ཐོག་ཏུ་གྲི་འཁྱེར་བའི་གནས་ཚུལ་ལ་ཁྲིམས་ལྟར་ཞིབ་བཤེར་བྱས་ནས་བཀག་སྡོམ་གྲི་ཆས་ངོ་གྲངས་4གཞུང་བཞེས་བཏང་བ། ཡུལ་སྐོར་གཉེར་སྐྱོང་རླངས་འཁོར་གྱིས་ས་ཆ་གཞན་དུ་སྐྱེལ་འདྲེན་བྱེད་པ་དང་གཉེར་སྐྱོང་འགྲོ་ལུགས་ཆ་ཚང་པོ་མེད་པ་སོགས་ཀྱི་གནས་ཚུལ་ཁག་5ཞིབ་བཤེར་ཐག་གཅོད་བྱས་པ། ལག་ཁྱེར་མེད་པའི་ཡུལ་སྐོར་སྣེ་ཤན་པ་2དང་ལག་ཁྱེར་མེད་པའི་ཡུལ་སྐོར་སྣེ་ཤན་པ་ཡུལ་སྐོར་གཉེར་སྐྱོང་བྱེད་སྒོའི་ནང་གདན་དྲངས་མཁན་གྱི་ཡུལ་སྐོར་ལས་དོན་ཁང་1ཐག་གཅོད་བྱས་པ་རེད།
འབའ་ལུང་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ཉེན་རྟོག་པས་རྫོང་དེ་ཡོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བསྐྱོད་དེ་མེ་ཟོན་བདེ་འཇགས་ཀྱི་ཞིབ་བཤེར་ཆེན་པོའི་བཅོས་སྒྲིག་ཆེད་དོན་བྱ་སྤྱོད་སྤེལ་ནས་མངོན་མེད་རྐྱེན་ངན་ཁག་8དུས་ཐོག་ཏུ་བསལ་བ་དང་། མངའ་ཁོངས་ཀྱི་འགྲོ་ལམ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ལ་གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་འགྲིམ་འགྲུལ་ལས་འཛོལ་ཡང་ནས་ཡང་དུ་ཐོན་སའི་ལམ་དུམ་གྱི་མངོན་མེད་རྐྱེན་ངན་དུས་ཐོག་དུ་གྲལ་བཤེར་དང་བཅོས་སྒྲིག་བྱས་པ་རེད། དེའི་རིང་འགྲིམ་འགྲུལ་དྲིལ་བསྒྲགས་ཐེངས་6བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་7གྲལ་བཤེར་བྱས་པ་དང་ཉེན་ཟོན་བྱང་བུ་ཁག་8བཙུགས་པ་རེད། ཡུལ་སྐོར་མཛེས་ལྗོངས་ས་ཚིགས་སུ་བསྐྱོད་དེ་མངའ་ཁོངས་ཀྱི་ནག་ཚོགས་དང་། ལག་ཁྱེར་མེད་པའི་རླངས་འཁོར། ལག་ཁྱེར་མེད་པའི་ཡུལ་སྐོར་སྣེ་ཤན་པ། བཙན་ཤེད་ཀྱི་ཉོ་རུ་འཇུག་པའམ་འཚོང་བ། འགྲུལ་པར་མགོ་སྐོར་གཏོང་བ། བཙན་ཤེད་ཀྱིས་འགྲུལ་པ་འགུགས་པ། རྗེས་འདེད་བཏང་ནས་བྲིན་ཚོང་བྱེད་པ། ལག་ཁྱེར་མེད་པར་གཉེར་སྐྱོང་བྱེད་པ་སོགས་ཀྱི་བྱ་སྤྱོད་གྲལ་བཤེར་བྱས་པ་རེད།