ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་གསར་འགོད་པས་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་དང་པོ་ནས་ཤེས་རྟོགས་བྱས་གསལ། ཚེས་12ཉིན་གྱི་ཕྱི་དྲོ་ནེ་པ་ལར་ས་ཡོམ་དྲག་པོ་བརྒྱབ་ནས་བོད་ལྗོངས་གཉའ་ལམ་རྫོང་འགྲམ་གྲོང་རྡལ་ནས་འགྲམ་འགག་སྒོ་བར་གྱི་ཀྲུང་ནེ་མཛའ་གྲོགས་ཟམ་པའི་སྤྱི་ལེ་13གྱི་ཁག་9སར་རི་ཉིལ་བ་དང་ཟླ་5ཚེས་1ཉིན་མྱུར་བཟོ་བྱས་ཟིན་པའི་ཀྲུང་ནེ་གཞུང་ལམ་སྟེ་རྒྱལ་ལམ་318ལམ་ཐིག་སླར་ཡང་འགག་པ་རེད།
ས་ཡོམ་བརྒྱབ་རྗེས་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་དང་པོའི་སྤྱི་ཁྱབ་རུ་དཔོན་གཞོན་པ་ལིའུ་གོ་རུང་གིས་མྱུལ་ཞིབ་ཡན་ལག་རུ་ཁག་གི་སྣེ་འཁྲིད་དེ་གནོད་འཚེ་ཕོག་ཁུལ་གཞུང་ལམ་གྱི་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་རེད། བརྟག་ཞིབ་ནན་པོ་བྱས་པ་བརྒྱུད་ལམ་དུམ་བུ་དེར་མྱུར་བཟོ་ཤར་གཏོང་གི་འགན་ཁུར་བཞིན་པའི་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་དང་པོས་དཔོན་དམག་120ལྷག་ཙམ་དང་ལས་གྲྭའི་འཕྲུལ་འཁོར་ཆེ་གྲས་18འཕྲལ་མར་སྒྲིག་འཛུགས་བྱས་ཏེ་ཚོགས་ཆུང་5ལ་དབྱེ་ནས་ཁག་དབྱེ་དཔུང་སྐྱོད་བྱེད་པ་དང་། ལས་ཀ་ཧུར་ཐག་བྱེད་པ། མགྱོགས་མྱུར་ཤར་གཏོང་ཐུབ་པ་བཅས་ཀྱི་བྱ་ཐབས་སྤྱད་དེ་ནུས་ཤུགས་ཡོད་རྒུས་ཀྲུང་ནེ་གཞུང་ལམ་མྱུར་བཟོ་བྱེད་བཞིན་ཡོད་པ་རེད།
ལིའུ་གོ་རུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། “4·25”ནེ་པ་ལའི་ས་ཡོམ་རིམ་པ་8.1གི་ཤུགས་རྐྱེན་འོག་ཀྲུང་ནེ་གཞུང་ལམ་རྒྱུད་དུ་ཞོར་ཐོན་གནོད་འཚེ་ཐོན་སླ་བར་གྱུར་ཡོད། ཚེས་12ཉིན་གྱི་ཕྱི་དྲོ་སླར་ཡང་ས་ཡོམ་དྲག་པོ་བརྒྱབ་པ་དེས་འགྲམ་གྲོང་རྡལ་ནས་འགྲམ་འགག་སྒོ་བར་གྱི་སྤྱི་ལེ་13གྱི་ཁག་9སར་རི་ཉིལ་བ་དེར་ཁྱོན་སྨི་རྒྱ་དཔངས་ངོས་གྲུ་ཁྲི་4ལྷག་ཙམ་ཡོད་པ་དང་དཀའ་ཚེགས་ཆེ་ཤོས་ནི་རི་ཉིལ་ཁུལ་དུ་རྡོ་ཆེན་པོ་གང་སར་ཟགས་ནས་མྱུར་བཟོའི་ཐད་ཤུགས་རྐྱེན་ཆེན་པོ་ཕོག་ཡོད་པ་རེད།
ཚེས་13ཉིན་གྱི་ཕྱི་དྲོའི་ཆུ་ཚོད་6དང་ཕྱེད་ཀར་གནོད་འཚེ་ཕོག་ཁུལ་གྱི་ལམ་དུམ་བུར་རི་གཟར་ལ་ལམ་སྐོར་མང་བའི་ཁར་ཡོམ་འཕྲོ་རྟག་ཏུ་རྒྱག་གི་ཡོད་སྟབས་རི་ཐོག་ནས་རྡོ་རྫོགས་རྒྱུ་མེད་པ་ཟགས་ཀྱི་འདུག རྐོ་འདྲུའི་འཕྲུལ་འཁོར་གཏོང་མཁན་ལིན་ཅིན་གྱིས་རྐོ་འདྲུའི་འཕྲུལ་འཁོར་བཏང་ནས་སྔོན་ལ་ལམ་སྣེ་འཁྲིད་ནས་མྱུར་བཟོའི་འཐབ་ས་དང་པོར་སྐྱོད་པ་དང་། བདེ་འཇགས་དོ་དམ་པ་ཀྲང་ལུང་གིས་བློ་རྩེ་གཅིག་སྒྲིམ་ངང་རི་མཐོའི་གང་སར་བལྟས་ཏེ་དོགས་ཟོན་དྲན་སྐུལ་བྱེད་བཞིན་ཡོད་པ་གསར་འགོད་པས་མཐོང་བྱུང་།
ལིའུ་གོ་རུང་གིས་ས་གནས་ས་ཐོག་ཏུ་ས་བབ་དང་རི་ཉིལ་བའི་ཁྱད་ཆོས་ལ་གཞིགས་ནས་མྱུར་བཟོའི་འཕྲུལ་འཁོར་གྱིས་མྱུར་བཟོའི་ཐབས་ཇུས་ལེགས་སྒྲིག་བྱེད་པ་དང་མྱུར་བཟོའི་ནང་ཞུགས་མཁན་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེའི་དཔོན་དམག་ཚོས་ལམ་རྒྱུད་དུ་དོགས་ཟོན་དྲན་སྐུལ་གྱི་ལྟ་ཞིབ་སོ་ལྟ་ཁང་15དང་བདེ་འཇགས་ཉེན་གཏོང་གི་མཚོན་རྟགས་ཁག་30ལྷག་ཙམ་བཀོད་སྒྲིག་བྱས་ནས་འགྲོ་འོང་བྱེད་མཁན་དང་རླངས་འཁོར་ལ་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་བྱེད་བཞིན་ཡོད་པ་གསར་འགོད་པར་བཤད་བྱུང་།