དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ལྗོངས་ཕྱིའི་ཡུལ་སྐོར།
  • ལྷོ་ཁས་ཉིང་ཁྲི་དང་གཞིས་རྩེ་དང་མཉམ་དུ་ནང་སར་ཡུལ་སྐོར་སྐོར་སྐྱོད་བྲིན་ཚོང་གི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ལྷོ་ཁའི་ཡུལ་སྐོར་སྤྲོ་འཆམ་གྱི་མིང་གྲགས་ཆེ་རུ་གཏོང་བ་དང་འགྲུལ་ཁུངས་ཀྱི་ཁྲོམ་ར་རྒྱ་ཆེར་གཏོད་ཆེད་ཉེ་ཆར་ལྷོ་ཁ་ས་ཁུལ་ཡུལ་སྐོར་སྤྲོ་འཆམ་ཅུས་ཀྱིས་ཉིང་ཁྲི་དང་གཞིས་རྩེ་ས་ཁུལ་དང་མཉམ་དུ་ཀོང་ཀྲོའུ་དང་། ཤ་མོན། ཧྲང་ཧའེ། ཝུའུ་ཧན། ཁྲང་ཧྲ་བཅས་སུ་ཡུལ་སྐོར་མཉམ་འབྲེལ་གྱི་སྐོར་སྐྱོད་བྲིན་ཚོང་གི་བྱེད་སྒོ་ཐེངས་དང་པོ་དེ་སྤེལ་བ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ས་ཁུལ་གསུམ་གྱི་མཉམ་འབྲེལ་སྐོར་སྐྱོད་བྲིན་ཚོང་གི་བྱེད་སྒོའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ཆེའི་ཡུལ་སྐོར་བར་བོད་དུ་ཡུལ་སྐོར་སྤྲོ་འཆམ་དུ་སྐྱོད་པའི་ལམ་ཐིག་རྩེ་གྲ་སྟེ་ཡར་ཀླུང་གཙང་པོ་ནས་ཇོ་མོ་གླང་མའི་བར་གྱི་ཡུལ་སྐོར་གྱི་སྐོར་ལམ་གཏོད་རྒྱུ་དེ་རེད། མིག་སྔར་སྐོར་ལམ་དེར་འཛམ་གླིང་ཐོག་མཛེས་ཤོས་ཀྱི་རང་བྱུང་མཛེས་ལྗོངས་དང་ཐུན་མིན་གྱི་བོད་མི་རིགས་ཀྱི་རིག་གནས་གཅིག་ཏུ་བསྡུས་ཡོད་ལ་ལྷོ་ཁ་དང་། ཉིང་ཁྲི། གཞིས་རྩེ་བཅས་ཀྱི་ཡུལ་སྐོར་ཐོན་ཁུངས་རྩེ་གྲ་ཡང་ཁྱབ་ཡོད་པས་དེས་རྒྱ་ཆེའི་ཡུལ་སྐོར་བས་བོད་ཀྱི་མཛེས་ལྗོངས་དང་ཡུལ་སྲོལ་གོམས་གཤིས་མྱོང་རོལ་ཐུབ་རྒྱུ་མ་ཟད། ད་དུང “རིམ་གྱིས ”ས་མཐོར་སྐྱོད་ནས་ས་མཐོར་མི་འཕྲོད་པ་དང་ལམ་ཐག་བསྐྱར་ཟློས་མི་ཡོང་བ་བྱ་རྒྱུ་རེད།

        ལྷོ་ཁ་ས་ཁུལ་ཡུལ་སྐོར་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་བག་གྲོས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ས་ཁུལ་གསུམ་གྱིས་བྲིན་ཚོང་བྱེད་སྒོ་སྤེལ་རིང་ཁྱོན་ཡུལ་སྐོར་སྤྲོ་འཆམ་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཐེངས་ལྔ་འཚོགས་པ་དང་འབྲེལ་ཀོང་ཏུང་རྒྱལ་སྤྱིའི་ཡུལ་སྐོར་ཐོན་ལས་དངོས་མང་སྟོན་ཚོགས་སྐབས་དང་པོ་དང་མཚོ་འགག་ཡུལ་སྐོར་དངོས་མང་སྟོན་ཚོགས་སྐབས་བདུན་པའི་ནང་ཞུགས་ཡོད། མི་དམངས་དྲ་བ་དང་། ཤིན་ཧྭ་དྲ་བ། ཀྲུང་གོ་གསར་འགྱུར་ཁང་། ཀྲུང་གོ་ཡུལ་སྐོར་ཚགས་པར། རིག་ཚོགས་ཚགས་པར། བཅིངས་འགྲོལ་ཉིན་རེའི་ཚགས་པར། ལྷོ་ཕྱོགས་གྲོང་ཁྱེར་ཚགས་པར། ཀོང་ཏུང་བཪྙན་འཕྲིན་ལས་ཁུངས། ཏུང་ནན་སྲུང་སྐར་འཕྲིན་ལམ། ཧྲང་ཧའེ་སྲུང་སྐར་འཕྲིན་ལམ་སོགས་སྨྱན་སྦྱོར་ཚན་པ་60ཙམ་གྱིས་ད་ཐེངས་ཀྱི་བྲིན་ཚོང་བྱེད་སྒོའི་གནས་ཚུལ་གཏིང་ཟབ་ངང་སྤེལ་བ་དང་ཁྱོན་ཡུལ་སྐོར་ལས་དོན་ཁང་200ཙམ་འོས་སྦྱོར་ངོ་སྤྲོད་ཚོགས་འདུའི་ནང་ཞུགས་ཡོད། བོད་ལྗོངས་སྣེ་གསུམ་རྒྱལ་ཁབ་ཡུལ་སྐོར་ལས་དོན་ཁང་གིས་རང་ལྗོངས་ཀྱི་ཡུལ་སྐོར་ཁེ་ལས་ཀྱི་ཚབ་བྱས་ཏེ་ཉིན་དགུ་དང་མཚན་མོ་བརྒྱད་ཀྱི་ཡུལ་སྐོར་ལམ་ཐིག་བཏོན་པས་ཡུལ་སྐོར་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།

        ད་ཐེངས་ཀྱི་མཉམ་འབྲེལ་ལས་བྲིན་ཚོང་བྱེད་སྒོ་སྤེལ་བ་བརྒྱུད་བོད་དང་ནང་སའི་དབར་དང་ལྷག་པར་དུ་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དབར་གྱི་ཡུལ་སྐོར་སྤེལ་རེས་དང་མཉམ་ལས་སྔར་བས་རྒྱ་ཆེ་དང་། བོད་ཀྱི་ཡུལ་སྐོར་སྤུས་རྟགས་ཁྱབ་གདལ། འགྲུལ་ཁུངས་ཀྱི་ཁྲོམ་ར་གཏོད་པ་བཅས་བྱུང་བ་མ་ཟད། ལྗོངས་ཕྱི་ནང་གི་ཡུལ་སྐོར་ཁེ་ལས་ལ་མཉམ་ལས་ཀྱི་ལས་སྟེགས་ཤིག་བཏོད་ཐུབ་པའང་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།