དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ལྗོངས་ཕྱིའི་ཡུལ་སྐོར།
  • བོད་ཁྱིམ་སྤྲོ་སྐྱིད་ཁང་གིས་བོད་ཁྱིམ་ལ་ཕན་པ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་ཆར་གསར་འགོད་པ་རླངས་འཁོར་ནང་བསྡད་དེ་བོད་ལྗོངས་ཆབ་མདོ་ས་ཁུལ་དང་བར་ཐག་སྤྱི་ལེ་4ཙམ་ཡོད་པའི་སྟག་མ་ལའི་རི་སྐེད་དུ་གནས་པའི་ཆབ་མདོ་གྲོང་རྡལ་ཐང་སྐྱ་གྲོང་ཚོར་སླེབས་སྐབས་གྲོང་ཚོ་བཀོད་པ་གཙང་ལ་ཁོར་ཡུག་ལེགས་པ་དང་བོད་ཤར་རྒྱུད་ཀྱི་ཁྱད་ཆོས་ལྡན་པའི་བོད་བཟོའི་ཐོག་བརྩེགས་ཁང་ཆེན་འགྱིངས་ངེར་གནས་པ་དེས་མཛེས་སྡུག་ལྡན་པའི་གྲོང་ཚོར་མཛེས་རྒྱན་སྤྲས་པ་ལྟར་སྣང་།

        ཨར་འདམ་ལམ་ངོས་སུ་དུད་ཚང་སྟར་པ་བསྒྲིགས་ནས་གནས་འདུག་ལ་དེ་བས་ཡིད་དབང་འཕྲོག་དགོས་པ་དེ་ནི་ཉེ་དུས་གསར་དུ་བརྒྱབ་པའི “བོད་ཁྱིམ་སྤྲོ་སྐྱིད་ཁང ”དེ་དག་རེད་འདུག སྡོད་ཁང་དེ་དག་རི་ཁྲོད་དུ་གནས་པས་ངལ་གསོ་བར་ཡོང་མཁན་མང་པོའི་ཡིད་དབང་འཕྲོག་པ་མ་ཟད། ས་གནས་དེ་གའི་བོད་ཁྱིམ་ལ་ཕན་པ་ཐོབ་ཐུབ་པ་བྱུང་ཡོད།

        མི་རབས་ནས་མི་རབས་བར་ས་ཞིང་འདེབས་པ་དང་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་མཁན་བོད་ཤར་རྒྱུད་ཀྱི་ཞིང་འབྲོག་པ་དེ་དག་གིས་ད་ལྟ་ལྟར་གྱི་སྡོད་ཁང་གཏན་ནས་མཐོང་མྱོང་མེད།

        “རང་ཁྱིམ་དུ ‘བོད་ཁྱིམ་སྤྲོ་སྐྱིད་ཁང ’བཙུགས་པ་ནས་བཟུང་ལོ་ལྟར་གྱི་ཟླ་དྲུག་པ་དང་བདུན་པར་འདི་གར་ངལ་གསོ་བར་ཡོང་མཁན་རྒྱུན་ཆད་རྒྱུ་མེད་པས་ཉིན་ལྟར་ཡོང་འབབ་ཀྱང་ཧ་ཅང་མང་པོ་ཡོང་གི་འདུག ”ཅེས་ཐང་སྐྱ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བྱམས་པ་ཚེ་རིང་གིས་གསར་འགོད་པར “བོད་ཁྱིམ་སྤྲོ་སྐྱིད་ཁང ”ལས་བྱུང་བའི་ཕན་པ་བཤད།

        བྱམས་པ་ཚེ་རིང་ཙམ་མ་ཟད། ཐང་སྐྱ་གྲོང་ཚོར་ཁོང་དང་འདྲ་བའི “བོད་ཁྱིམ་སྤྲོ་སྐྱིད་ཁང ”བཙུགས་ནས་ཁྱིམ་དར་ཕྱུག་འགྱུར་བྱུང་བའི་མི་ད་དུང་མང་པོ་ཡོད། “བོད་ཁྱིམ་སྤྲོ་སྐྱིད་ཁང ”དེ་ཉིད་ས་གནས་དེ་གའི་མི་སེར་གྱི་ཕྱུག་འགྱུར་ཐབས་ལམ་གསར་པར་གྱུར་ཡོད།

        ཕྱག་རྡོར་ཚེ་རིང་ཁྱིམ་གྱིས “བོད་ཁྱིམ་སྤྲོ་སྐྱིད་ཁང ”བཙུགས་ནས་ལོ་མང་པོ་ཕྱིན་པ་དང་གསར་དུ་བརྒྱབ་པའི་ཁང་པ་དེའི་སྒོ་ར་དེ་ཙམ་རྒྱ་ཆེན་པོ་མེད་རུང་གཙང་ལ་གྲལ་འགྲིག་པ་དང་མཛེས་སྡུག་ལྡན་པ་ཞིག་འདུག

        ཁྱིམ་ཚང་གི་བུད་མེད་སྦྱིན་བདག་མིག་དཀར་གྱིས་གསར་འགོད་པར “ཐོག་མར ‘བོད་ཁྱིམ་སྤྲོ་སྐྱིད་ཁང ’གཉེར་སྐབས་ཚོང་ཡག་པོ་ཨེ་ཡོང་སྙམ་ནས་དེ་ལས་ལས་མི་བྱེད་པར་བསྐྱོད་ན་ལེགས་པ་མི་མྱོང་ངམ་སྙམ་པའི་སེམས་ཁྲལ་བྱུང་རུང་ལོ་ཁ་ཤས་གཉེར་སྐྱོང་བྱས་པ་བརྒྱུད་ད་ལྟ་བློ་བདེ་པོ་འདུག ”ཅེས་བཤད།

        “ངའི་ཁྱིམ་ལ་མི་ལྔ་ཡོད་པ་ཚང་མ་དེ་སྔ་ལས་མི་བྱེད་པར་བསྐྱོད་ཀྱི་ཡོད། ‘བོད་ཁྱིམ་སྤྲོ་སྐྱིད་ཁང ’བཙུགས་པ་ནས་བཟུང་ཕྱིར་ལས་མི་བྱེད་པར་བསྐྱོད་པ་ལས་ཡོང་འབབ་མང་བ་ཡོང་གི་འདུག ས་ཞིང་མུའུ་30དེར་ནས་དང་། ཞོག་ཁོག སྔོ་ཚལ་སོགས་བཏབ་ནས་ཁྲོམ་རའི་ཐོག་བཙོངས་ཀྱི་ཡོད་ལ་ཚོང་ཁང་ཆུང་ཆུང་ཞིག་བཙུགས་ཡོད་པ་དེའི་ཚོང་ཡང་ཡག་པོ་འདུག འདི་ལོ་དབྱར་ཁ་ཁོ་ནར་ཁེ་བཟང་ཁྲི་ཁ་ཤས་རག་བྱུང ”ཞེས་མིག་དཀར་གྱིས་གསར་འགོད་པར་བཤད།

        བྱམས་པ་ཚེ་རིང་ཁྱིམ་ནི་ཆབ་མདོ་ས་ཁུལ་ཡུལ་སྐོར་ཅུས་ཀྱིས་རོགས་སྐྱོར་བྱས་པའི “བོད་ཁྱིམ་སྤྲོ་སྐྱིད་ཁང ”ཐོག་མ་དེ་ཡིན་པ་དང་ཁོང་གི་བཟའ་ཟླ་དབྱངས་ཅན་ནི་ཁམས་པའི་བུ་མོ་འཇོན་པོ་ཞིག་རེད། ལོ་ཁ་ཤས་འཕེལ་རྒྱས་བཏང་བ་བརྒྱུད་དབྱངས་ཅན་གྱིས་གཉེར་བའི “བོད་ཁྱིམ་སྤྲོ་སྐྱིད་ཁང ”དེར་གཞི་ཁྱོན་རགས་ཙམ་ཆགས་པ་དང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་གྱིས་ཁོང་ཚོའི་ཁྱིམ་གྱི་ལྷད་མེད་བོད་ཟས་ཀྱི་བྲོ་བ་མྱོང་བ་དང་། བྲོ་ཞིམ་ཇ་བསྲུབས་མ་འཐུང་བ། ཚགས་ཤ་ཟ་བ་སོགས་བྱེད་ཀྱི་ཡོད།

        ཆབ་མདོ་རྫོང་འགུ་རོ་གྲོང་རྡལ་ཆུ་ཉིན་གྲོང་ཚོར་གསར་འགོད་པས “པ་དགའི་བོད་ཁྱིམ་སྤྲོ་སྐྱིད་ཁང ”དུ་བསྐྱོད་སྐབས་མིག་མདུན་དུ་འཆར་བ་ནི་བོད་བཟོའི་ཁྱད་ཆོས་ལྡན་པའི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་དང་སྒོ་རའི་ནང་ཚོན་མདོག་རྣམ་པར་བཀྲ་བའི་མེ་ཏོག་སོས་པས་རྒྱན་པ་དང་སེམས་རྩ་འཁོལ་བའི་སྦྱིན་བདག་པ་དགས་དགའ་སྤྲོའི་ངང་ང་ཚོར་བསུ་བ་ཞུས་བྱུང་།

        སྒོ་རའི་ནང་སླེབས་སྐབས་ཀུ་ཤུའི་སྡོང་པོའི་ཐོག་ཀུ་ཤུས་ཁེངས་འདུག

        “ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ཡོད་པ་དང་མི་སེར་ལ་རོགས་སྐྱོར་མང་པོ་གནང་གི་ཡོད་པས་2008ལོར་ཆབ་མདོ་རྫོང་ཡུལ་སྐོར་ཅུས་ཀྱིས་མ་དངུལ་བཏང་སྟེ་དུག་སེལ་སྒྲོམ་དང་། ཉལ་ཁྲི། གུར་སོགས་དངོས་པོ་ཉོ་རོགས་བྱས་ནས་ང་ཚོར ‘བོད་ཁྱིམ་སྤྲོ་སྐྱིད་ཁང ’འདི་གཉེར་དུ་བཅུག་པའི་ཐོག་འདི་གར་ཤིང་ཏོག་སོས་པ་མང་པོ་ཡོད་པས་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་འཕྲོག་ནས་ཡོང་འབབ་མང་པོ་ཡོང་གི་འདུག རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཡོད་པ་ལས་ང་ཚོའི་འཚོ་བ་ཇེ་ལེགས་སུ་འགྲོ་ཐུབ་པའི་ཡིད་ཆེས་ཡོད ”ཅེས་པ་དགས་ཀུ་ཤུ་འཐོག་ཞོར་དུ་ང་ཚོར་ཁོང་གི “བོད་ཁྱིམ་སྤྲོ་སྐྱིད་ཁང ”དེའི་སྐོར་བཤད་བྱུང་།

        ཉེ་བའི་ལོ་ཤས་ནང་ཆབ་མདོ་རྫོང་ཡུལ་སྐོར་སྡེ་ཚན་གྱིས་རོགས་སྐྱོར་བྱེད་ཐབས་མང་པོ་བཏོན་ཡོད་པ་དང་བློ་རིག་བཀྲ་བའི་ས་གནས་དེ་གའི་མང་ཚོགས་ཀྱིས་རང་ཁྱིམ་གྱི་ས་གཤིས་ཀྱི་ལེགས་ཆ་སྤྱད་དེ་མི་རྣམས་ཀྱི་དགོས་མཁོར་གཞིགས་ནས “བོད་ཁྱིམ་སྤྲོ་སྐྱིད་ཁང ”བཙུགས་པ་མ་ཟད་ཇེ་མང་དུ་འགྲོ་བཞིན་ཡོད།

        “བོད་ཁྱིམ་སྤྲོ་སྐྱིད་ཁང ”འཕེལ་རྒྱས་བཏང་བ་དེས་ས་གནས་དེ་གའི་མི་སེར་ལ་ཕྱུག་འགྱུར་གྱི་ལམ་བུ་བཏོད་པ་མ་ཟད་དེ་བས་གལ་ཆེ་བ་ཞིག་ནི་མི་སེར་གྱིས་ཏང་གི་དམངས་ཕྱུག་སྲིད་ཇུས་ལས་ཐོབ་པའི་ཕན་པ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད། ད་ཆ་མི་སེར་གྱི་ཁྱིམ་དུ་ཉི་འོད་ནུས་པའི་ཆུ་ཚ་པོ་བཟོ་བྱེད་དང་། ཚོན་ཁྲ་ཅན་གྱི་བཪྙན་འཕྲིན། འཁྱག་སྒམ། གོས་འཁྲུའི་འཕྲུལ་ཆས་སོགས་དེང་རབས་ཅན་གྱི་སྒྲིག་ཆས་ཆ་ཚང་ཡོད་པ་དང་འཕོ་འགྱུར་ཆེན་པོ་ལས་ས་གནས་དེ་གའི་མང་ཚོགས་ཀྱི་སྤྲོ་བ་རབ་ཏུ་འཕེལ་ཡོད་པ་རེད།

        (བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་སྤེལ་བ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།