བོད་ཀྱིས“དགུན་དུས་བོད་དུ་ཡུལ་སྐོར་དུ་འགྲོ་བ”ཞེས་པའི་སྤུས་རྟགས་ཧུར་བརྩོན་ཆེན་པོས་གཏོད་པ།
བོད་ལྗོངས་ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་ཆུང་གླིང་གྲོང་ཚོར་ཀོང་ཏུང་ནས་ཡིན་པའི་ཡུལ་སྐོར་བ་འགའ་ཞིག་གིས་རྣམ་པར་བཀྲ་བའི་གདོད་མའི་ནགས་ཚལ་ལ་ལྟ་བཞིན་རང་དབང་མེད་པར་བསྟོད་བསྔགས་ཡང་ཡང་བྱེད་པར་ཤོར། སྔོན་མ་ཡུལ་སྐོར་དུ་ཡོང་མཁན་མང་པོ་ཞིག་དང་མཚུངས་པར་ཁོང་ཚོས་ཀྱང་སྟོན་དུས་དང་དགུན་དུས་སུ་བོད་དུ་ཡུལ་སྐོར་དུ་ཡོང་ན་འཚམ་པོ་མེད་པའི་ངོས་འཛིན་བྱེད་མོད། ཡིན་ནའང་ད་རེས་བོད་དུ་སླེབས་རྗེས་བོད་ཀྱི་སྟོན་དགུན་གྱི་ཡུལ་ལྗོངས་དེ་དཔྱིད་དབྱར་གྱི་ཡུལ་ལྗོངས་དང་འདྲ་བར་ལྟ་རིན་ཆེན་པོ་ཡོད་པའི་མྱོང་ཚོར་བྱུང་།
དབྱར་དུས་ནི་བོད་དུ་ཡུལ་སྐོར་དུ་ཡོང་མཁན་མང་ཤོས་ཀྱི་དུས་ཚིགས་ཤིག་ཡིན་རུང་བོད་ཀྱི་དགུན་དུས་ཀྱི་ཡུལ་ལྗོངས་དེར་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་དང་དེ་དབྱར་ཁ་ལས་སྐྱོ་བ་གཏན་ནས་མེད། “དགུན་དུས་བོད་དུ་ཡུལ་སྐོར་དུ་འགྲོ་བ ”ཞེས་པའི་བྱེད་སྒོ་དེ་ཉིན་ཤས་གོང་ཉིང་ཁྲིའི་སྐབས་བདུན་པའི་ཡར་ཀླུང་གཙང་པོའི་རོང་ཆེན་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་སྤེལ་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་སྐོར་ཐད་ཀྱི་དུས་ཚིགས་རང་བཞིན་གྱི་བཀག་རྒྱ་གཏོར་ནས་བོད་དུ་ལོ་གཅིག་དུས་བཞིར་ཡུལ་སྐོར་ལ་ཡོང་མཁན་ཡོད་པའི་དམིགས་ཚད་མངོན་འགྱུར་བྱ་ཆེད་2004ལོ་ནས་བཟུང་བོད་ཀྱིས “དགུན་དུས་བོད་དུ་ཡུལ་སྐོར་དུ་འགྲོ་བ ”ཞེས་པའི་བྱེད་སྒོ་སྤེལ་བ་དང་ཆབས་ཅིག་མྱོང་ཚོར་བྱེད་རིན་ཆེ་བ་དང་འགྲོ་སོང་ཆུང་བའི་ཡུལ་སྐོར་ཐོན་རྫས་རབ་དང་རིམ་པ་གསར་སྤེལ་བྱས་ཤིང་། མིག་སྔར་ཡར་ཀླུང་གཙང་པོའི་རོང་ཆེན་དུ་ཡུལ་སྐོར་དུ་འགྲོ་བ་དང་། ཇོ་མོ་གླང་མར་ཡུལ་སྐོར་དུ་འགྲོ་བ། ལྷ་སར་བོད་ཀྱི་ལོ་གསར་གཏོང་བར་འགྲོ་བ་ལ་སོགས་པའི “དགུན་དུས་བོད་དུ་ཡུལ་སྐོར་དུ་འགྲོ་བའི ”སྤུས་རྟགས་ཆེན་པོ་དྲུག་བཏོད་ཡོད། 2010ལོར “དགུན་དུས་བོད་དུ་ཡུལ་སྐོར་དུ་འགྲོ་བ ”ཞེས་པའི་བྱེད་སྒོ་དེས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་100ལྷག་ཙམ་གྱི་ཡིད་དབང་འཕྲོག་ཡོད་པ་རེད།
བོད་ཀྱི་ས་ཁམས་ཁོར་ཡུག་ནི་དམིགས་བསལ་ཅན་ཞིག་ཡིན་པ་ཤེས་རྟོགས་བྱུང་རྗེས་ཡུལ་སྐོར་བ་མང་པོ་ཞིག་གིས་བོད་དུ་ཡུལ་སྐོར་དུ་འགྲོ་བའི་དུས་ཚིགས་ཡག་ཤོས་ནི་དབྱར་ཁ་ཡིན་པའི་ངོས་འཛིན་བྱེད་པའི་ཐོག་རྒྱལ་ཡོངས་ཀྱི་ངལ་གསོའི་ཉིན་མོ་མང་པོ་ཞིག་དབྱར་དུས་སུ་ཁེལ་བའི་རྐྱེན་གྱིས་ལོ་ཧྲིལ་པོར་བོད་དུ་ཡུལ་སྐོར་དུ་ཡོང་མཁན་བཅུ་ཆ་དགུ་ཟླ་བ་ལྔ་པ་ནས་བཅུ་པ་བར་འཛོམས་ཀྱི་ཡོད་པ་རེད། དོན་དངོས་ཐོག་དགུན་དུས་སུ་བོད་དུ་ཉི་མ་དེ་ཙམ་ཚ་པོ་མེད་པ་དང་ཆ་སྙོམས་དྲོད་ཚད་དེ་པེ་ཅིང་ལས་ཧྲེ་ཧྲི་ཏུའུ་5ཡན་མཐོ་བ་ཡོད་པ་འདི་ནི་མིང་དོན་མཚུངས་པའི “ཉི་འོད་གྲོང་ཁྱེར ”ཞིག་ཡིན། ནང་སར་གྲང་ངར་ཆེ་བའི་རླུང་བུ་ལྷང་ལྷང་དུ་ལྡང་པའི་དུས་སུ་བོད་དུ་སྔར་བཞིན་དྲོ་པོ་ཡོད། ལོ་ལྟར་གྱི་ཟླ་བ་བཅུ་གཅིག་པ་ནས་ལོ་རྗེས་མའི་ཟླ་བ་གསུམ་པ་བར་ནི “དགུན་དུས་བོད་དུ་ཡུལ་སྐོར་དུ་འགྲོ་བའི ”གོ་སྐབས་བཟང་ཤོས་ཤིག་ཡིན་པ་རེད།
བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཝང་སུང་ཕིང་གིས “བོད་ཀྱི་དགུན་དུས་ཀྱི་ཡུལ་ལྗོངས་ནི་དབྱར་དུས་ལས་བརྗིད་ཉམས་ཆེ་ལ་ལྟ་ན་སྡུག་པ་ཞིག་ཡོད། བོད་དུ་དགུན་དུས་ནམ་མཁར་སྤྲིན་པ་འཁྲིགས་ཉུང་བ་མ་ཟད། ད་དུང་ཉི་འོད་རབ་ཏུ་འཚེར་བས་འཛམ་གླིང་རིམ་པའི་གངས་རི་དང་འཁྱགས་རོམ་དག་གིས་རང་རང་གི་བརྗིད་ཉམས་ངོམས་པའི་དུས་ཤིག་ཤར་བ་དང་། གཙང་པོ་དང་ཆུ་བོའི་ཁ་མདོག་ནི་སྔར་བས་སྔོ་ལ་སྔར་བས་ལྗང་བ། ལྷ་ཤིང་ཤུག་པ་རྣམས་སྤོབས་པ་ཆེན་པོས་ཀྲོང་ངེར་གནས་ཡོད ”ཅེས་གསུངས་པ་རེད།
གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་སྐོར་བའི་ཡིད་དབང་འཕྲོག་ཐབས་བྱ་ཆེད་འདི་ལོའི་ཟླ་བ་བཅུ་གཅིག་པའི་ཚེས་གཅིག་ཉིན་ནས་ཟླ་བ་གསུམ་པའི་ཚེས་སོ་གཅིག་ཉིན་བར་བོད་ཀྱིས “དགུན་དུས་བོད་དུ་ཡུལ་སྐོར་དུ་འགྲོ་བ ”ཞེས་པའི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་པ་སྟེ། མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ས་ཚིགས་མང་ཆེ་བར་ཡུལ་སྐོར་དུ་ཡོང་མཁན་ཉུང་བའི་དུས་ཚིགས་ཀྱི་རིན་གོང་ལག་བསྟར་བྱས་ཏེ་སྤ་སེའི་རིན་གོང་50%གཅོག་རྒྱུ་དང་མགྲོན་ཁང་གི་རིན་གོང་ཡང་40%ནས་60%བར་གཅོག་རྒྱུ་དང་ཆབས་ཅིག་ཡུལ་སྐོར་ལས་དོན་ཁང་མང་ཆེ་བས་ད་དུང་འགྲོ་སོང་ཆུང་ལ་སྐྱོད་རིན་ཆེ་བའི་རྩ་ཆེའི་ཡུལ་སྐོར་འགྲོ་ལམ་མང་པོ་ཞིག་བསྟན་རྒྱུ་ཡིན་པ་རེད།
ཡུལ་སྐོར་བ་སྣ་ཚོགས་ཀྱི་དགོས་མཁོ་བསྐངས་ནས་དགུན་དུས་བོད་དུ་ཡུལ་སྐོར་དུ་སྐྱོད་མཁན་ཚོར་མིག་གི་ལོངས་སྤྱོད་གྱ་ནོམ་པ་ཞིག་ཡོང་བ་བྱ་ཆེད་འདི་ལོའི “དགུན་དུས་བོད་དུ་ཡུལ་སྐོར་དུ་འགྲོ་བ ”ཞེས་པའི་བྱེད་སྒོ་སྤེལ་རིང་བོད་རང་སྐྱོང་ལྗོངས་ཡུལ་སྐོར་སྤྲོ་འཆམ་ཅུས་ཀྱིས་སྲོལ་རྒྱུན་ཡུལ་སྐོར་ལམ་ཐིག་འགའ་ཞིག་བསྐྱར་སྒྲིག་བྱས་ནས “ཉིང་ཁྲིའི་སྣོད་བཅུད་ལ་བལྟ་བ ”དང་། “བོད་བྱང་ཐང་གི་རི་སྐྱེས་སྲོག་ཆགས་ལ་བལྟ་བ ”“མངའ་རིས་ཀྱི་གནས་རི་དང་བླ་མཚོར་བལྟ་བ ”ལ་སོགས་པའི་ཁྱད་ཆོས་མི་འདྲ་བའི་དགུན་དུས་ཡུལ་སྐོར་ལམ་ཐིག་བདུན་བསྟན་རྒྱུ་ཡིན་པ་རེད།
ཀོང་ཏུང་ནས་ཡོང་བའི་ཡུལ་སྐོར་བས་ཉིང་ཁྲི་གནས་ཡུལ་ལུང་ཤུར་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་པ (ཟླ་10ཚེས་21ཉིན་པར་བླངས )