དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ལྗོངས་ཕྱིའི་ཡུལ་སྐོར།
  • ཉིང་ཁྲིར་དུས་ཚིགས་དང་པོ་ནས་གསུམ་པ་བར་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་བཅུ་གཉིས་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་དུས་གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་གསལ། འདི་ལོ་ཤར་ཚུན་ཉིང་ཁྲི་ས་ཁུལ་གྱིས་ཡུལ་སྐོར་ཁྲོམ་ར་གསར་འབྱེད་ཤུགས་ཆེན་བྱས་ནས་འཛད་སྤྱོད་པས་འགྲོ་སོང་གཏོང་ས་སྐྱེད་སྲིང་བྱེད་པ་དང་། ཡུལ་སྐོར་ཐད་གཏོང་ཆ་མང་དུ་གཏོང་བ། ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ། འཕེལ་རྒྱས་གཏོང་ཐབས་སྒྱུར་བ་བཅས་ཀྱི་སྒོ་ནས་སྣོད་བཅུད་བཟང་བའི་ཡུལ་སྐོར་གྱི་འཕེལ་རྒྱས་ཆེན་པོ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཐུབ་ཡོད་པ་རེད།

        བསྡོམས་རྩིས་ལ་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པ་བར་ས་ཁུལ་དེ་ཡོངས་ཀྱིས་ཁྱོན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་158.98ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་28.09%མང་དུ་སོང་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་11.97ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་30.44%མང་དུ་སོང་ཡོད་པ་རེད།

        ཉིང་ཁྲི་ས་ཁུལ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཝང་ཅུན་གྱིས་གསར་འགོད་པར་འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པ་བར་ཉིང་ཁྲི་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཐད་གཤམ་གསལ་གྱི་ཁྱད་ཆོས་མངོན་ཡོད་ཅེས་བཤད་པ་སྟེ། གཅིག་ནི་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་སྒོ་ཀུན་ནས་མང་དུ་སོང་བ་དང་ཡུལ་སྐོར་ལས་རིགས་དེ་ཉམས་ཞན་ནས་གོང་འཕེལ་ཆེན་པོ་བྱུང་བ། ས་ཁུལ་དེ་ཡོངས་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་མི་གྲངས་དང་ཡུལ་སྐོར་ཡོང་འབབ་སོགས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་ཟླ་བ་བཞི་པ་ནས་དགུ་པ་བར་30%ཡན་གྱི་མྱུར་ཚད་ཐོག་ནས་འཕར་ཏེ་ཕྱོགས་ཡོངས་ནས་མགྱོགས་མྱུར་འཕར་བའི་རྣམ་པ་ཐོན་ཡོད་པ་དང་། གཉིས་ནི་གུང་གསེང་དང་དེ་བཞིན་དུས་ཆེན་དང་རྟེན་འབྲེལ་བྱེད་སྒོར་ཡར་སྐུལ་གྱི་ནུས་པ་མངོན་གསལ་དོད་པོ་ཐོན་པ། གུང་གསེང་ཡུལ་སྐོར་གྱིས་དགེ་མཚན་ལྡན་པའི་ཡར་སྐུལ་གྱི་ནུས་པ་འདོན་སྤེལ་ཐུབ་སྟེ་ཉིང་ཁྲི་ས་ཁུལ་གྱི་རྒྱལ་ནང་ཡུལ་སྐོར་ཁྲོམ་ར་མུ་མཐུད་ལེགས་སུ་སོང་བ་དང་དུས་མཚུངས “ཁམ་བུའི་མེ་ཏོག་དུས་ཆེན ”དང “པད་སེར་ཡུལ་སྐོར་རིག་གནས་དུས་ཆེན ”“བྲག་གསུམ་མཚོའི་དམངས་སྲོལ་ཡུལ་སྐོར་རིག་གནས་དུས་ཆེན ”སོགས་དུས་ཆེན་དང་རྟེན་འབྲེལ་བྱེད་སྒོས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད་པ། གསུམ་ནི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ཚོགས་པའི་སྣེ་ཁྲིད་ཀྱི་ནུས་པ་ཆེ་ཙམ་ཐོན་པ། ཟླ་བ་གསུམ་པ་ཤར་ཚུན་ཉིང་ཁྲིར་ཡུལ་སྐོར་དུ་ཡོང་མཁན་ཆེད་སྤྱོད་མེ་འཁོར་ཚོགས་པ་སྔ་ལོ་དང་བསྡུར་ན་ཇེ་མང་དུ་སོང་བ་དེས་ཡུལ་སྐོར་བྱ་ཡུལ་ཡིན་པའི་ཉིང་ཁྲི་ས་ཁུལ་དེ་རྒྱལ་ཡོངས་སུ་སྐད་གྲགས་ཆོད་ཚད་ཆེ་རུ་ཆེན་པོ་སོང་ཡོད་པ། བཞི་ནི་དྲིལ་བསྒྲགས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་ནས་རྗེས་མཐུད་ཕན་འབྲས་མངོན་གསལ་དོད་པ། ཟླ་བ་དང་པོ་ནས་དགུ་པ་བར་ཉིང་ཁྲི་ས་ཁུལ་གྱིས་དྲིལ་བསྒྲགས་ཁྱབ་ཁོངས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་ཚགས་པར་དང་དུས་དེབ་དང་། བཪྙན་འཕྲིན། དྲ་བ་སོགས་སྨྱན་སྦྱོར་མང་དག་བརྒྱུད་ཡུལ་སྐོར་བྲིན་སྐུལ་གྱི་བརྡ་ཁྱབ་མཚམས་སྦྱོར་ཚད་གཞི་མཐོ་པོས་སྤེལ་གཏོང་བྱས་པ་དང་། གཙོ་གནད་གྲོང་ཁྱེར་དང་ཤང་ཀང་དང་། ཨའོ་མོན། ཐའེ་དབན་སོགས་སུ་དྲིལ་བསྒྲགས་བྱེད་ཐབས་གསར་གཏོད་བྱས་ནས་ཉིང་ཁྲིའི་ཡུལ་སྐོར་འོས་སྦྱོར་བྱས་པས་ས་ཁོངས་ཕྱིའི་ཡུལ་སྐོར་བ་སྔ་ལོ་ལས་ལྡབ་ཀྱིས་མང་དུ་སོང་ཡོད་པ། ལྔ་ནི་རང་ཉིད་ཀྱིས་འཁོར་རིགས་བཏང་ནས་ཡུལ་སྐོར་དུ་ཡོང་མཁན་ཆེས་མང་དུ་སོང་བ་མ་ཟད་ཉིང་ཁྲི་ས་ཁུལ་གྱི་གལ་ཆེའི་ཡུལ་སྐོར་ཐོན་ཟོག་གཞན་ཞིག་ཏུ་གྱུར་པ། དྲ་སྦྲེལ་སྨྱན་སྦྱོར་ཐོག་མཚོ་བོད་ལམ་ཐིག་དེ་རྒྱལ་ནང་དུ་རང་ཉིད་ཀྱིས་རླངས་འཁོར་གཏོང་བ་དང་རྐང་འཁོར་བཞོན་ནས་ཡུལ་སྐོར་དུ་བསྐྱོད་རྒྱུའི་གྲགས་ཅན་ལམ་ཐིག་ཏུ་བདམས་རྗེས་ཉིང་ཁྲི་ས་ཁུལ་དུ་རླངས་འཁོར་བཏང་བ་དང་རྐང་འཁོར་བཞོན་ནས་ཡོང་མཁན་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད་པ་བཅས་རེད།

        ཉིང་ཁྲི་ས་ཁུལ་ཡུལ་སྐོར་སྡེ་ཚན་གྱི་འགན་ཁུར་བས་ང་ཚོས་ད་དུང་ཡུལ་སྐོར་གྱི་སྒྲིག་ཆས་སྔར་བས་མང་དུ་གཏོང་བ་དང་། ཡུལ་སྐོར་ཞབས་ཞུའི་དྲ་སྦྲེལ་མ་ལག་དང་རོགས་སྐྱོར་མ་ལག་འཐུས་ཚང་དུ་གཏོང་བ། ཁྲོམ་རའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་ཁྲོམ་ར་ཚད་ལྡན་དང་ཐོན་ལས་ཀྱི་རྒྱུ་རྐྱེན་འཐུས་ཚང་དུ་གཏོང་བ། ལེ་ལག་ཚང་བའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་དང་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ་བཅས་ཀྱི་སྒོ་ནས་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཡུལ་སྐོར་གྱི་དྲན་རྟེན་དངོས་པོ་གསར་སྤེལ་བྱས་ཏེ་ཡུལ་སྐོར་བའི་དགོས་མཁོ་སྐོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།