བོད་དུ་སྤྲོ་གསེང་གཟའ་འཁོར་རིང་ཡུལ་སྐོར་བྱེད་མཁན་གྱི་མི་འབོར་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་པ།
གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་སྤྲོ་འཆམ་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་སྟོན་དུས་ཆེན་གྱི་སྤྲོ་གསེང་གཟའ་འཁོར་རིང་རིམ་རྩིས་བྱས་ན་ལྗོངས་ཡོངས་སུ་ཡུལ་སྐོར་བ་མི་ཐེངས་ཁྲི་43.17ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་26.5%འཕར་བ་དང་ཡུལ་སྐོར་སྤྲོ་འཆམ་གྱི་ཡོང་འབབ་སྒོར་དུང་ཕྱུར་1.73ཟིན་པ་དེ་དུས་མཚུངས་ལས་31.6%འཕར་ཏེ་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཆུ་ཚད་མཐོ་ཤོས་གཏོད་ཡོད་པ་རེད།
རང་སྐྱོང་ལྗོངས་ཡུལ་སྐོར་སྤྲོ་འཆམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་འདི་ལོའི་རྒྱལ་སྟོན་དུས་ཆེན་གྱི་སྤྲོ་གསེང་གཟའ་འཁོར་རིང་ཡུལ་སྐོར་སྤྲོ་འཆམ་སྡེ་ཚན་གྱིས་དུས་ཆེན་གོང་སྔ་ཙམ་བཀོད་སྒྲིག་དང་གྲ་སྒྲིག་བྱེད་པའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་ཐུབ་པ་བྱས་པ་དང་དུས་ཆེན་རིང་དོ་དམ་དང་ཞིབ་བཤེར་ལྟ་སྐུལ་མཛུབ་ཁྲིད་ནན་པོ་བྱས་པས་འདི་ལོའི་རྒྱལ་སྟོན་དུས་ཆེན་གྱི་སྤྲོ་གསེང་གཟའ་འཁོར་རིང་ཡུལ་སྐོར་བ་སྣེ་ལེན་ཞུ་བའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱ་རྒྱུ་འགན་ལེན་བྱུང་བ་དང “བདེ་འཇགས་དང་། སྤུས་ཚད། སྒྲིག་ལམ། ཕན་འབྲས ”བཅས་གཅིག་གྱུར་ཡོང་བའི་དམིགས་ཚད་དུ་སླེབས་ཐུབ་པ་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྲོལ་རྒྱུན་གྱི་ཡུལ་སྐོར་སྤྲོ་འཆམ་བྱེད་ས་མང་ཤོས་ཀྱི་མཛེས་ལྗོངས་ཁུལ་དུ་སྔར་བཞིན་ཡུལ་སྐོར་བྱེད་མཁན་མང་པོ་ཡོད་ཅིང་། རྒྱལ་སྟོན་དུས་ཆེན་གྱི་སྤྲོ་གསེང་གཟའ་འཁོར་རིང་ཡུལ་སྐོར་བས་སྔར་རྒྱུན་བཞིན་ཕོ་བྲང་པོ་ཏ་ལ་དང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་། བཀྲས་ལྷུན་དགོན། ཇོ་མོ་གླང་མ། གནམ་མཚོ་སོགས་ཡུལ་སྐོར་སྤྲོ་འཆམ་བྱེད་ས་མང་ཤོས་ཀྱི་མཛེས་ལྗོངས་ཁུལ་དེ་དག་སྤྲོ་གསེང་ལྟ་སྐོར་བྱེད་པའི་དམིགས་ས་གཙོ་བོར་གྱུར་ཡོད། སྲོལ་རྒྱུན་གྱི་ལྟ་སྐོར་ཡུལ་སྐོར་ཚོགས་པ་རྒྱུན་མཐུད་ངང་མང་དུ་ཕྱིན་པ་ཕུད་ད་དུང་ལྗོངས་ནང་ཁུལ་དུ་ཉིན་གཅིག་ཡུལ་སྐོར་སྤྲོ་འཆམ་བྱེད་པ་དང་གྲོང་འདབས་སུ་ཉིན་གཅིག་ཡུལ་སྐོར་སྤྲོ་འཆམ་བྱེད་པ་སོགས་ལམ་ཐུང་གི་ཡུལ་སྐོར་སྤྲོ་འཆམ་ལ་ཡང་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་ཡོད་པ་རེད། གྲོང་ཁྱེར་ནང་ཡུལ་སྐོར་སྤྲོ་འཆམ་བྱེད་པ་དང་གྲོང་འདབས་ཀྱི་གྲོང་གསེབ་ཏུ་སྤྲོ་གསེང་བྱེད་པར་འགྲོ་རྒྱུ་དེ་དུས་ཆེན་རིང་ཀུན་གྱིས་དགའ་པོ་བྱེད་ཡུལ་དུ་གྱུར་ཡོད། རང་ཉིད་ཀྱིས་རླངས་འཁོར་བཏང་ནས་ཡུལ་སྐོར་སྤྲོ་འཆམ་བྱེད་པ་དང་རྐང་འཁོར་བཞོན་ནས་ཡུལ་སྐོར་སྤྲོ་འཆམ་བྱེད་པ་དེ་འདི་ལོའི་རྒྱལ་སྟོན་དུས་ཆེན་གྱི་སྤྲོ་གསེང་གཟའ་འཁོར་རིང་ཡུལ་སྐོར་སྤྲོ་འཆམ་ཁྲོམ་རའི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།