ལྷ་ས་ནས་བལ་ཡུལ་དུ་ཡུལ་སྐོར་བྱེད་པར་ལམ་ཡིག་ཉིན་གཅིག་ནང་ལེན་ཐུབ་པ།
མི་དམངས་ཉིན་རེའི་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་11ཉིན་ལྷ་སར་བཅའ་བཞུགས་ཕྱི་འབྲེལ་སྤྱི་ཁྱབ་ཁེ་སྐྱོང་བ་ཧ་ལི་·ཕུའུ་ལ་ས་ཏེ་·པ་ཤའོ་ཡིས་ད་ཆ་བལ་ཡུལ་དུ་ཡུལ་སྐོར་བྱེད་པར་འགྲོ་འདོད་ཚེ་ལམ་ཡིག་ཉིན་གཅིག་ནང་ལེན་ཐུབ་ཀྱི་ཡོད་ཅེས་སྨྱན་སྦྱོར་བརྒྱུད་ནས་བཤད།
ཉིན་དེར་ལྷ་སར་བཅའ་སྡོད་བལ་ཡུལ་གྱི་ཕྱི་འབྲེལ་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས “2012ལོའི་ལུམ་བི་ནིའི་ཡུལ་སྐོར ”མཚམས་སྦྱོར་འདུ་ཚོགས་དེ་ལྷ་སར་གཉེར་ཞིང་། པ་ཤའོ་ཡིས་བལ་ཡུལ་སྲིད་གཞུང་གིས 2012ལོ་ནི “ལུམ་བི་ནིའི་ཡུལ་སྐོར་ལོར ”གཏན་ལ་ཕབ་པ་དེའི་དམིགས་ཡུལ་ནི་ལུམ་བི་ནི་དེ་ཉིད་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་པའི་ཡུལ་སྐོར་གནས་ཁྱད་པར་ཞིག་ཏུ་གཏོད་རྒྱུ་དེ་ཡིན་ཞེས་ངོ་སྤྲོད་བྱས།
ལུམ་བི་ནི་དེ་ཉིད་བལ་ཡུལ་ལྷོ་ཕྱོགས་ཀྱི་ལུམ་བི་ནི་མངའ་སྡེར་གཏོགས་པ་དང་སྟོན་པ་ཤཱཀྱ་མུ་ནེའི་འཁྲུངས་ཡུལ་ཡིན། མཚམས་སྦྱོར་འདུ་འཚོགས་ཐོག་ལྷ་སར་བཅའ་སྡོད་བལ་ཡུལ་གྱི་ཕྱི་འབྲེལ་སྤྱི་ཁྱབ་ཁེ་སྐྱོང་བ་པ་ཤའོ་ཡིས་གློག་བཪྙན་པར་གཞིའི་ཐོག་ནས་བལ་ཡུལ་གྱི་ཡུལ་སྐོར་ཐོན་ཁུངས་དང “2012ལོའི་ལུམ་བི་ནིའི་ཡུལ་སྐོར ”གྱི་གནས་ཚུལ་ཞིབ་ཕྲ་ངོ་སྤྲོད་བྱས་པ་རེད།
པ་ཤའོ་ཡིས་ཡུལ་སྐོར་བར་སྟབས་སྔར་བས་བདེ་བ་ཞིག་ཡོང་ཆེད་ཕྱི་འབྲེལ་སྤྱི་ཁབ་ཁེ་སྐྱོང་བའི་ལས་ཤག་གིས་བྱ་ཐབས་མང་པོ་སྤྱད་པ་དཔེར་ན། ལམ་ཡིག་གི་འགྲོ་ལུགས་སྟབས་བདེ་རུ་གཏོང་བ་སོགས་བྱས་པས་ད་ཆ་ཡུལ་སྐོར་བས་ཉིན་གཅིག་ནང་ལམ་ཡིག་ལེན་ཐུབ་ཀྱི་ཡོད། ཕྱི་འབྲེལ་སྤྱི་ཁབ་ཁེ་སྐྱོང་བའི་ལས་ཤག་གི་བསྡོམས་རྩིས་ལ་གཞིགས་ན། 2011ལོའི་ཟླ་7པ་ནས་2012ལོའི་ཟླ་7པ་བར་ཁོང་ཚོས་ལྷ་སར་ཡུལ་སྐོར་ལམ་ཡིག་ཁྲི་2སྤྲད་པ་དེ་དུས་མཚུངས་ལས་60%འཕར་ཡོད།
འབྲེལ་ཡོད་སྡེ་ཚན་གྱི་བསྡོམས་རྩིས་ལ་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་དྲུག་པ་བར་ཀྲུང་གོའི་ཡུལ་སྐོར་བ་ཁྲི་4ཙམ་བལ་ཡུལ་དུ་ཡུལ་སྐོར་བྱེད་པར་བསྐྱོད་ཡོད།