དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཡུལ་སྐོར་ཕྱོགས་སྟོན།>ལམ་ཐིག
  • གནས་མཆོག་ཙ་རི།

  • ཡོང་ཁུངས།  ལྷོ་ཁའི་ལོ་རྒྱུས་དཔྱད་གཞི།   |     སྤེལ་དུས།  2015-05-09

        དཔལ་འཁོར་ལོ་སྡོམ་པའི་གནས་ཆེན་རྩ་རི་ནི་རྒྱལ་བའི་ལུང་གིས་ཟིན་པའི་ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ་ཞིག་ཡིན་ཞིང་། རྩེད་ཐང་ནས་ལམ་ཐག་ལེ་དབར་ ༣༠༥ བསྐྱོད་ན་ཆོས་ཟམ་དུ་འབྱོར་བས་དེ་ནི་ཙ་རིའི་གནས་མཇལ་འགོ་ཚུགས་ས་ཡིན་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་༣༨༡༤ ཡོད། དེ་ཡང་སྟོད་ན་གྲགས་ཆེ་བ་གངས་དཀར་གྱི་རྒྱལ་པོ་ཏི་སེ་དང་། བར་དུ་ཁུངས་བཙུན་པ་ལ་ཕྱི་གངས་རྭ། སྨད་དུ་འགྲན་ཟླ་བྲལ་བ་ལྷོ་གནས་མཆོག་ཙ་རི་བཅས་བདེ་མཆོག་གི་སྐུ་གསུང་ཐུགས་ཀྱི་གནས་ཏེ། གངས་ཏི་སེ་སྐུ་ཡི་གནས། ལ་ཕྱི་གསུང་གི་གནས། ཙ་རི་ཐུགས་ཀྱི་གནས་ཡིན་ཞིང་། དེའང་ཙ་རིའི་གནས་ལ་ཕྱི་ནང་གསང་གསུམ་ཡོད་པ་ནི། ཙ་རི་གསར་མ་ཚེ་རིང་ལྗོངས་ཞེས་པས་གཅིག ཙ་རི་མཚོ་དཀར་ཞེས་པས་གཉིས། དག་པ་ཤེལ་རི་ཞེས་པས་གསུམ་བཅས་ཡོད་པ་དེ་དག་གིས་རྩ་རོ་རྐྱང་དབུ་གསུམ་དང་། ཕྱི་ནང་གསང་གསུམ། སྐུ་གསུང་ཐུགས་གསུམ་བཅས་མཚོན་ཡོད་ལ་ཁྱད་པར་དུ་ཙ་རི་དཀྱིལ་འཁོར་ཏེ། དག་པ་ཤེལ་རི་ནི་ཙ་རིའི་གནས་ཀྱི་གཙོ་བོ། བདེ་མཆོག་གི་སྤྲུལ་པའི་ཕོ་བྲང་། བྱིན་རླབས་ཀྱི་ཚན་ཁ་འབར་བ་ཞིག་ཡིན་པས་གནས་འདི་ཐོག་མར་རྒྱལ་བའི་ལུང་གིས་ཟིན། བར་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། སློབ་དཔོན་པད་མ་འབྱུང་གནས་སོགས་ཀྱི་གཟིགས་སྣང་སྣ་ཚོགས་བྱུང་། དེ་རྗེས་མཉམ་མེད་དྭགས་པོ་ལྷ་རྗེར་ཙ་རིའི་གནས་ཀྱི་གཟིགས་སྣང་སྣ་ཚོགས་བྱུང་བས་གནས་སྒོ་འབྱེད་པའི་དུས་སུ་བབས་པ་མཁྱེན་ཏེ་ཁོང་གི་བཀའ་བཞིན་སློབ་མའི་མཆོག་གྱུར་སྐྱེས་བུ་ཡེ་ཤེས་རྡོ་རྗེས་ཐོག་མར་གནས་སྒོ་ཕྱེ། དེ་ནས་རིམ་བཞིན་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་དང་ ། འགྲོ་མགོན་གཙང་པ་རྒྱ་རས། ཀརྨ་སྐུ་ཕྲེང་བཞི་པ། ཀུན་མཁྱེན་པད་མ་དཀར་པོ་སོགས་སྐྱེས་ཆེན་དམ་པ་དུ་མས་གནས་མཆོག་ཙ་རིར་ཞབས་བཅག་ནས་གནས་སྒོ་གསར་པ་ཕྱེ་བ་དང་། དགོན་པ་འདེབས་པ། སྒྲུབ་པ་བསྐྱོན་པ་སོགས་བསྟན་པ་སྤེལ་ཞིང་འགྲོ་དོན་ཆེས་ཆེར་བསྐྱངས་པས་ད་ལྟའི་གནས་མཆོག་ཙ་རི་ཞེས་པའི་གནས་ངོ་མཚར་ཅན་རྒྱ་ཆེ་བ་ཆ་ཚང་བར་གྲུབ།

        རྩ་རིའི་གནས་འདིར་མ་བཅོས་ལྷུན་གྱིས་གྲུབ་པའི་ཐབས་མཆོག་རྡོ་རྗེའི་རི་བོ་གདུགས་དང་ཉ་འདྲ་བ། ཤེས་རབ་དྲིལ་བུའི་རི་བོ་བུམ་པ་དང་པད་མ་འདྲ་བ། ཟུང་འཇུག་དབུ་མའི་རི་བོ་དུང་དང་པ་ཊ་འདྲ་བ། མཁའ་སྤྱོད་ངོ་མཚར་རི་བོ་རྒྱལ་མཚན་དང་འཁོར་ལོ་འདྲ་བ་སོགས་བཀྲ་ཤིས་པའི་རྟགས་བརྒྱད་ཀྱིས་ས་འཛིན་མུ་ཁྱུད་དུ་བསྐོར་བ་དང་ ། དེ་བཞིན་སྒྲོལ་མའི་བླ་མཚོ་དང་། འོད་འབར་གཡུ་མཚོ། བདེ་མཆོག་བླ་མཚོ། ཕོ་བྲང་གཡུ་མཚོ་སོགས་དང་མཚེའུ་གྲངས་ལས་འདས་པ་ཡོན་ཆབ་ཀྱི་ཚུལ་དུ་དྭངས་ཤིང་སྔོ་ཐིང་ངེར་འཁྱིལ་ བ། ཨོ་རྒྱན་ཕུག་དང་། འོབ་འབར་མིག་ར་ཕུག སྐྱོབ་ཆེན་ཕུག བྱིན་རླབས་ཕུག་སོགས་རང་བྱུང་བྲག་ཕུག་གནས་རིའི་གཟུངས་ཀྱི་དོད་དུ་ལྷུན་གྱིས་གྲུབ་པ། གཞན་ཡང་ཀརྨ་སྐུ་ཕྲེང་བཞི་པས་ཕྱག་བཏབ་པའི་མཚོ་དཀར་དགོན་པ་དང་། འབྲུག་པ་ཀུན་མཁྱེན་པད་མ་དཀར་པོས་ཕྱག་བཏབ་པའི་ཅིག་ཅར་དགོན་པ། ད་དུང་རང་བྱུང་གི་མཆོད་རྟེན་དང་སྐྱེས་ཆེན་དམ་པ་རྣམས་ཀྱི་ཞབས་རྗེས་དང་ཕྱག་རྗེས་སོགས་གྲངས་ཀྱིས་མི་ལངབ་ཡོད་པ་མ་ཟད། རི་མོའི་ལམ་དང་དམངས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཀྱིས་གྲགས་པའི་རྩྭ་ཀླུ་བདུད་རྡོ་རྗེ་དང་། ཆུ་འགྲོ་བ་འདྲེན་པ་གཉིས་ཀྱི་དྲི་ཙམ་ཚོར་ཡང་སྡིག་སྒྲིབ་ཐམས་ཅད་དག་ནས་ཐར་པའི་ལམ་སྣེ་ཟིན་པ་འདི་ཉིད་གནས་མཆོག་ཙ་རི་ཁོ་ནར་མ་གཏོགས་མེད་པར་འཁུམས། དེ་ཡང་རྩྭ་ཀླུ་བདུད་རྡོ་རྗེ་ཞེས་རྩྭ་རིགས་སྣ་ཁ་གཅིག་ཁོ་ན་མིན་པར་རྩྭ་དང་། མེ་ཏོག བསངས་ཤིང་སོགས་ཚང་མའི་ཁྲོད་དུ་ཀླུ་བདུད་རྡོ་རྗེ་ཡོད་པས་ཙ་རིའི་བསངས་སྣ་ནི་ཆེས་རྩ་ཆེ་ཞིག་ཏུ་བརྩི་བ་དང་། དེ་བཞིན་ཆུ་འགྲོ་བ་འདྲེན་པའང་ཆུ་རྒྱུད་གང་སར་འདྲེས་ཡོད་པ་དང་། ཁྱད་པར་དུ་མཚོ་དཀར་གྱི་མཚོ་གོང་འོག་དང་། ཨོ་རྒྱན་བྲག་ཕུག་གི་མཚོ། དེ་བཞིན་ཅིག་ཅར་དགོན་པ་དང་ཉེ་བའི་དྭངས་བསིལ་ཆུ་མིག་སོགས་ལ་ཆུ་འགྲོ་བ་འདྲེན་པ་ཡོད་ཐག་ཆོད་ཡིན་པར་གྲགས་པས་ཚང་མས་དེ་དག་ནས་ཆུའི་བྱིན་རླབས་ཞུས་ཏེ་བོད་གངས་ཅན་ལྗོངས་ཀྱི་ས་ཆ་ག་ས་གར་འཁྱེར་འགྲོ་གི་ཡོད། དེ་ལྟ་བུའི་གནས་མཆོག་རྩ་རི་འདི་ཉིད་དུས་ངེས་མེད་དུ་བསྐོར་ཆོག་ཅིང་། ཁྱད་པར་དུ་རྟའི་ལོ་ལ་གངས་ཏི་སེ་བསྐོར། ལུག་གི་ལོ་ལ་མཚོ་གནམ་མཚོ་བསྐོར། (ལ་ཕྱི་གངས་བསྐོར་ཞེས་ཀྱང་ཟེར )སྤྲེལ་གྱི་ལོ་ལ་ཙ་རི་གནས་བཟང་བསྐོར། ཞེས་སྤྲེལ་གྱི་ལོར་ཙ་རི་སྐོར་ན་ཕན་ཡོད་ཤིན་ཏུ་ཆེ། དེའང་ཙ་རིར་རྩེ་སྐོར་དང་། བར་སྐོར། རོང་སྐོར་ཞེས་བསྐོར་བ་ཆེ་འབྲིང་ཆུང་གསུམ་ཡོད་ཀྱང་མིག་སྔར་རོང་སྐོར་ནི་མཐའ་མཚམས་ཡིན་པས་ཐད་ས་མེད། རྩེ་སྐོར་དང་བར་སྐོར་ལ་ཕེབས་པའི་དུས་ཚོད་ནི་བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ནས་བོད་ཟླ་བརྒྱད་པའི་ཚེས་བཅོ་ལྔ་བར་གནས་སྒོ་ཕྱེ་བ་ཞེས་དུས་ཚོད་ཡག་ཤོས་ཡིན།

        མདོར་ན་ཙ་རིའི་གནས་ལ་སྟབས་བདེའི་ངང་ཕེབས་འདོད་མཁན་ནམ་ཡང་ན་ཡུལ་སྐོར་སྤྲོ་འཆམ་ལ་ཕེབས་མཁན་ཡིན་ན་རྩེད་ཐང་ནས་རླངས་འཁོར་ཆུང་བའི་ནང་སྔ་ཙམ་ཐོན་ན་དགོང་མོ་ཙ་རི་མི་ཁྱིམ་བདུན་ནམ་ཙ་རི་སྐྱེས་དཀར་ཐང (ད་ལྟ་ཙ་རི་ཤར་གནས་ས )དུ་འབྱོར། ཉིན་གཉིས་པར་སྔ་དྲོ་ཨོ་རྒྱན་བྲག་ཕུག་མཇལ་ནས་དགོང་དྲོ་ཅིག་ཅར་དགོན་དུ་འབྱོར། ཉིན་གསུམ་པར་སྔ་དྲོ་ཅིག་ཅར་དགོན་དང་ཆུ་མིག་སོགས་མཇལ་བ་དང་། ཕྱི་དྲོ་ཕེབས་ལམ་དུ་གསང་སྔགས་ཆོས་གླིང་དགོན་སོགས་མཇལ་ནས་དགོང་མོ་ལྷུན་རྩེར་འབྱོར། ཉིན་བཞི་པར་ཅུང་དལ་པོའི་ངང་རྩེད་ཐང་དུ་སླེབས་ཐུབ་པ་དེ་ནི་རྐང་ཐང་དུ་བསྐྱོད་པའི་དུས་ཚོད་མེད་པའམ་བསྐྱོད་མི་ཐུབ་པ་རྣམས་བལྟོས་ནས་བཤད་པ་ཞིག་ཡིན།

        གལ་སྲིད་ཙ་རིའི་གནས་མཇལ་ཆ་ཚང་གནང་འདོད་ན། ཉིན་དང་པོར་རྩེད་ཐང་ནས་རླངས་འཁོར་ཆུང་བའི་ནང་སྔ་ཙམ་ཐོན་ན་དགོང་མོ་ཙ་རི་ཤང་དུ་སླེབས་པ་གོང་དང་འདྲ་བ་དང་། ཉིན་གཉིས་པར་རྐང་ཐང་དུ་མཚོ་དཀར་ཕྱོགས་སུ་བསྐྱོད་དེ་ཉིན་བཞི་པར་ཙ་རི་ཤང་དུ་ལོག་ཐུབ། ཉིན་ལྔ་པར་སྔ་དྲོ་ཨོ་རྒྱན་སྒྲུབ་ཕུབ་མཇལ་ནས་དགོང་དྲོ་ཅིག་ཅར་དགོན་དུ་སླེབས། ཉིན་དྲུག་པར་ཅིག་ཅར་ནས་རི་དཀྱིལ་འཁོར་རམ་དག་པ་ཤེལ་རིའི་ཕྱོགས་སུ་བསྐྱོད་ནས་ཉིན་བདུན་ལ་དག་པ་ཤེལ་རི་འཁོར་གྱི་ཡོད་ནའང་། བུད་མེད་རྣམས་ཙ་རི་སྒྲོལ་མ་ལ་ནས་འགྲོ་མི་ཆོག་པས་ཅིག་ཅར་ཕྱོགས་སུ་རང་འཇགས་ལོག་དགོས།

        དེ་ལྟར་གནས་མཇལ་ཆ་ཚང་ལ་ཉིན་༡༤ ནས་ ༡༥ བར་འགོར་གྱི་ཡོད་པ་དེའང་རླངས་འཁོར་འགྲོ་ས་ཡོད་སར་རླངས་འཁོར་ནང་བསྐྱོད་པའི་དུས་ཚོད་ཡིན་པ་ལས་གལ་སྲིད་རྩེད་ཐང་ནས་རྐང་ཐང་མར་ཙ་རིར་བསྐྱོད་ན་ཟླ་བ་གཅིག་དང་ཕྱེད་ཀ་ནས་ཟླ་བ་གཉིས་བར་འགོར་ཞེས་རྒད་པོ་བསྐྱོད་མྱོང་བ་ཚོས་གླེང་།

        དེ་ལྟར་ཙ་རིའི་གནས་རི་ནི་ལམ་ཐག་རིང་ཞིང་། ལམ་ཡང་བདེ་པོ་མེད་ཐོག་དཔྱིད་མགོ་ནས་སྟོན་མཇུག་བར་ཆར་པའང་ཆད་རྒྱུ་མེད་པས་གནས་དེར་བསྐྱོད་པར་དཀའ་ཚེགས་ཆེ་ཙམ་ཡོད་རུང་ཙ་རིའི་གནས་སྐོར་ལ་ཐེངས་གཅིག་བསྐྱོད་ཐུབ་ཀྱང་མི་ལུས་ཤིག་ཐོབ་པར་གདོན་མི་ཟ་ཞེས་སྔར་ནས་ད་བར་གྲགས་པས་གནས་མཇལ་ལམ་ཡུལ་སྐོར་དུ་བསྐྱོད་མཁན་ཧ་ཅང་མང་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།