གསར་འགོད་པར་ཉིན་ཤས་གོང་ཀོང་པོ་རྒྱ་མདའ་རྫོང་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་དང་པོའི་ཟླ་དཀྱིལ་ནས་ཀོང་པོ་རྒྱ་མདའ་རྫོང་ཁོངས་ཀྱི་རྒྱལ་ལམ་318ཀྱི་ལམ་དུམ་བུར་མྱུར་ཚད་ཚོད་འཛིན་མ་ལག་སྒྲིག་སྦྱོར་བྱས་རྗེས་མྱུར་ཚད་ལས་བརྒལ་བའི་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་བཀག་འགོག་ནུས་ལྡན་ཐུབ་པས་སྤྱིར་བཏང་གི་འགྲིམ་འགྲུལ་ལས་འཛོལ་ཐོན་ཚད་བཅུ་ཆ་དགུ་བར་ཆག་པ་དང་འགྲིམ་འགྲུལ་ལས་འཛོལ་ཆེ་གྲས་ཐོན་ཚད་བརྒྱ་ཆ་བརྒྱ་ཆག་ཡོད་པ་རེད།
ཀོང་པོ་རྒྱ་མདའ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་བཅས་ཡིན་པའི་ཧོ་ཀུའེ་ཧྲོའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་ཁོངས་གཏོགས་ཁུལ་གྱི་318རྒྱལ་ལམ་དུ“8·18”འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་ཐོན་པའི་བསླབ་བྱ་ནས་ཀོང་པོ་རྒྱ་མདའ་རྫོང་ཨུད་དང་། རྫོང་སྲིད་གཞུང་། སྤྱི་བདེ་སྡེ་ཚན་བཅས་ཀྱིས་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་གང་ཐུབ་བྱ་ཆེད་དུས་ཚོད་ཛ་དྲག་པ་དང་། ལས་འགན་ལྕི་བ། མ་དངུལ་ཁ་ཐང་བཅས་ཀྱི་གནས་ཚུལ་འོག་མ་དངུལ་སྒོར་ཁྲི་150ལྷག་ཙམ་བཏང་ནས་ཉིང་ཁྲི་ས་ཁུལ་ནས་རྒྱལ་ལམ་318དུམ་བུར་ས་ཚིགས་5དང་བར་ཁོངས་4རུ་མྱུར་ཚད་ཚོད་འཛིན་མ་ལག་སྒྲིག་སྦྱོར་བྱས་པ་མ་ཟད། 2014ལོའི་ཟླ་12ཚེས་14ཉིན་དངོས་སུ་སྤྱོད་འགོ་བཙུགས་པ་རེད། ཚན་རྩལ་མཐོ་བའི་མྱུར་ཚད་ཚོད་འཛིན་མ་ལག་ད་སྤྱོད་བྱས་པ་དེས་འཁོར་རིགས་མགྱོགས་པོ་གཏོང་བའི་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཐོན་རྒྱུ་བཀག་འགོག་ནུས་ལྡན་ཐུབ་སྟེ་འགྲིམ་འགྲུལ་ལས་འཛོལ་ཐོན་ཚད་དམའ་རུ་ཕྱིན་ཡོད་པ་རེད།