“ལྔ་གཅིག”གི་དུས་ཐུང་གུང་གསེང་དང་ཉེ་རུ་ཕྱིན་པ་དང་ཆབས་ཅིག་མཚོ་བོད་ས་མཐོའི་ཡུལ་སྐོར་འགྲུལ་རྒྱུན་རིམ་གྱིས་མང་དུ་སོང་བས་མཚོ་བོད་ལྕགས་ལམ་ཀུང་སིས་མེ་འཁོར་གཏོང་ཐེངས་80ལྷག་ཇེ་མང་དུ་བཏང་ནས་ཡུལ་སྐོར་བའི་འགྲོ་སྐྱོད་ཐད་སྟབས་བདེ་བསྐྲུན་པ་རེད།
ད་ལོའི་ཟླ་4ཚེས་30ནས་ཟླ་5ཚེས་3ཉིན་བར་མཚོ་བོད་ལྕགས་ལམ་གྱི་སྔོན་དཔག་ལྟར་ན་འགྲུལ་པ་མི་ཐེངས་ཁྲི་11.3དབོར་རྒྱུ་ཡིན་པ་དང་འགྲུལ་པ་དབོར་མང་ཤོས་ནི་སྔོན་དཔག་ལྟར་ན་ཟླ་5ཚེས་1ཉིན་ཡིན་པ་རེད། ན་ནིང་གི་ལོ་མཇུག་ཏུ་ལན་ཀྲོའུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་མེ་འཁོར་ཤར་གཏོང་བྱས་པ་དང་། ཟི་ལིང་ནས་མོན་ཡོན་དང་། ལན་ཀྲོའུ། ཀྲང་ཡེ། ཅ་ཡུས་ཀོན་སོགས་ཕྱོགས་ཀྱི་ཡུལ་སྐོར་འགྲུལ་རྒྱུན་མང་དུ་ཕྱིན་ཡོད། ཟི་ལིང་ནས་པེ་ཅིང་དང་། ཧྲང་ཧའེ། ཆིན་ཏའོ། ཁྲེང་ཏུའུ། ཤིས་ཨན། དབྱིན་ཁྲོན་སོགས་ཕྱོགས་ཀྱི་ཡུལ་སྐོར་དང་ཚོང་དོན་གྱི་འགྲུལ་རྒྱུན་ཡང་བརྟན་པོར་འཕར་ཡོད། ཟླ་5པ་ནས་མཚོ་བོད་ས་མཐོའི་ཡུལ་སྐོར་རྒྱས་ཤོས་སུ་སླེབས་པ་དང་བོད་སྐྱོད་འགྲུལ་རྒྱུན་མང་དུ་འགྲོ་ངེས་པ་དང་། བོད་ནས་ཕར་འགྲོ་ཚུར་འོང་གི་འགྲུལ་རྒྱུན་ཡང་མངོན་གསལ་དོད་པོས་མང་དུ་འགྲོ་ངེས་རེད། ཡུལ་སྐོར་དང་། གཉེན་འཕྲད། ཚོང་དོན་སོགས་ཀྱི་འགྲུལ་རྒྱུན་གྱི་དགོས་མཁོ་སྐོང་ཆེད་མཚོ་བོད་ལྕགས་ལམ་ཀུང་སིས་ཟི་ལིང་ནས་མོན་ཡོན་བར་གྱི་ཤུགས་འགྲེམས་མེ་འཁོར་3མང་དུ་གཏོང་རྩིས་ཡོད་པ་དང་ཁྱོན་གཏོང་ཐེངས་80ཡིན་པ་སྟེ་སོ་སོར་ཟླ་4ཚེས་30ནས་ཟླ་5ཚེས་3ཉིན་བར་ཟི་ལིང་ནས་མོན་ཡོན་བར་ཐེངས་D9987/8ཀྱི་ཤུགས་འགྲེམས་མེ་འཁོར་མང་དུ་གཏོང་རྒྱུ་དང་། ཟླ་5ཚེས་1ནས་ཟླ་5ཚེས་19ཉིན་བར་ཟི་ལིང་ནས་མོན་ཡོན་བར་ཐེངས་D9981/2དང་D9983/4ཡི་ཤུགས་འགྲེམས་མེ་འཁོར་མང་དུ་གཏོང་རྒྱུ་ཡིན་པ་རེད།