དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མི་རིགས་ཀྱི་ཁྱད་ཆོས་དང་དེང་རབས་དར་སྲོལ་ཟུང་དུ་འབྲེལ་བའི་བོད་ལྗོངས་ཉིང་ཁྲིའི་ཁྱིམ་ཚང་མགྲོན་ཁང་།

  •     སྤེལ་དུས།  2015-04-22

    ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་འབྱོར་བར་གཞིགས་ན། བོད་དུ་ཡུལ་སྐོར་ཡོང་མཁན་རྒྱུན་ཆད་མེད་པར་མང་དུ་སོང་བ་དང་བསྟུན་ནས་ཁྱིམ་ཚང་མགྲོན་ཁང་འཛུགས་མཁན་ཞིང་འབྲོག་པ་ཇེ་མང་དུ་སོང་བས་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་དུ་ཕྱིན་པ་མ་ཟད། ད་དུང་དེང་རབས་ཅན་གྱི་ཞབས་ཞུའི་སྒྲིག་བཀོད་དང་གཉེར་སྐྱོང་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། མི་རིགས་ཁྱད་ཆོས་དང་དེང་རབས་དར་སྲོལ་ཟུང་དུ་འབྲེལ་ནས་ཡུལ་སྐོར་བར་རང་ཁྱིམ་ལྟ་བུའི་དྲོ་སྐྱིད་ཚོར་ཐུབ་པ་བྱུང་ཡོད་པ་རེད།

    ཉིང་ཁྲིར་གྲགས་ཅན་ཡུལ་སྐོར་སྤུས་རྟགས་མང་པོ་ཡོད་ལ། “བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་འབོད་སྲོལ་ཡང་ཡོད། འདི་ཉིད་ནི་བོད་ཀྱི་ས་བབ་དམའ་ཤོས་དང་གནམ་གཤིས་ཡག་ཤོས་ཀྱི་ས་ཁུལ་ཞིག་ཡིན་ཞིང་། ཉིང་ཁྲི་ས་ཁུལ་ཡུལ་སྐོར་ཅུས་ཀྱི་འགན་འཁུར་བས་བོད་ནས་འགྲོ་འོང་བྱེད་སྐབས་གནམ་གཤིས་འཕྲོད་པ་བྱེད་པའི་སྟེགས་བུ་ཡག་ཤོས་ཤིག་ཡིན་པའི་ངོས་ནས་ལོ་ལྟར་ལྷ་སར་ཡོང་མཁན་ཡུལ་སྐོར་བའི་ཁྲོད་ནས་60%ནས་70%བར་གྱི་ཡུལ་སྐོར་བ་ཉིང་ཁྲིར་ཡོང་གི་ཡོད་ཅེས་བཤད།

    “ཡུལ་སྐོར་སྣེ་ལེན་ཐད་ནས་བརྗོད་ཚེ། ལོ་དེ་དག་ནང་འཕེལ་རྒྱས་འགྲོ་མགྱོགས་ཤོས་ནི་གྲོང་གསེབ་ཀྱི་ཁྱིམ་ཚང་མགྲོན་ཁང་རེད”ཅེས་འགན་འཁུར་བ་དེས་བཤད་པ་དང་། ཁོང་གིས་ཐོག་མའི་ཁྱིམ་ཚང་མགྲོན་ཁང་ནི་ཡུལ་སྐོར་བ་ཉུང་ཤས་གནས་སྡོད་བྱ་ཡུལ་ཡིན་ཞིང་། རྗེས་སུ་མགྲོན་ཁང་དེ་རིགས་སུ་སྡོད་མཁན་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས་གཞི་ཁྱོན་ཇེ་ཆེར་ཕྱིན་པ་དང་འབྲེལ་རིམ་གྱིས་ཚད་གཞི་ཅན་དུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས།

    རྒྱལ་ལམ་318ཟུར་དུ་གནས་པའི་ཉིང་ཁྲི་ས་ཁུལ་བཀྲ་ཤིས་སྒང་གྲོང་ཚོའི་ཨ་ཁུ་ཕུན་ཚོགས་ཁྱིམ་ཚང་མགྲོན་ཁང་ནི་ས་ཁོངས་ཀྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི་སྲོལ་རྒྱུན་གྱི་བོད་ཁྱིམ་སྒོ་ར་ཞིག་ཡིན་པ་དང་། དེའི་ནང་བོད་བཟོའི་འགེལ་ཆས་དང་། བོད་བཟོའི་ཆ་སྒམ། ཧྲ་ཧྥ་བཅས་བསྒྲིགས་ཡོད་པ་མ་ཟད། ད་དུང་བྲོ་བ་ཞིམ་པའི་ཇ་མངར་མོ་དང་བོད་ཟས་སྣ་ཚོགས་ཡོད་པ་རེད། ཁྱིམ་ཚང་མགྲོན་ཁང་དེར་སྲོལ་རྒྱུན་གྱི་རྣམ་པ་ཞིག་ལྡན་རུང་དེའི་ནང་རིན་མི་དགོས་པའི་WiFiདང་། རང་འབབ་ཆུ་ཀ་ལ། ཆུ་བཤལ་གཏོང་རྒྱུ་ཡོད་པའི་གསང་སྤྱོད་སོགས་ཡོད་པས་ཡུལ་སྐོར་བ་ཚོས་དེ་གར་སྲོལ་རྒྱུན་མི་རིགས་ཀྱི་གོམས་གཤིས་ལྡན་པའི་འཚོ་བ་སྐྱེལ་ཆོག་པའི་ཁར་དེང་རབས་ཅན་གྱི་སྒྲིག་ཆས་ཀྱི་སྟབས་བདེ་ལོངས་སུ་སྤྱོད་རྒྱུ་ཡོད་པ་རེད།

    ཨ་ཁུ་ཕུན་ཚོགས་ཀྱིས“དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དགུ་བཅུའི་ནང་བོད་ཀྱི་ཡུལ་སྐོར་ལས་རིགས་དར་འགོ་ཚུགས་ཤིང་། སྐབས་དེ་དུས་ཡུལ་སྐོར་བ་ཁྱིམ་དུ་ལྟ་སྐོར་དུ་ཡོང་སྲོལ་ཡོད་པ་དང་ཁྱིམ་ཚང་གཙང་སྦྲ་དོད་པོ་ཡོད་པ་མཐོང་སྐབས་དེ་གར་སྡོད་ཆོག་མིན་སྐད་ཆ་འདྲི་གི་འདུག སྐབས་དེ་དུས་ངས་ཁྱེད་རང་བཞུགས་འདོད་ཡོད་ཚེ་བཞུགས་ཆོག་གི་རེད་ཅེས་བཤད་པ་ཡིན། གནས་ཚུལ་དེ་འདྲའི་དབང་གིས་ང་ལ་ཁྱིམ་ཚང་མགྲོན་ཁང་གཉེར་རྒྱུའི་བསམ་བློ་འཁོར་བྱུང”ཞེས་བཤད་པ་དང་། 1998ལོར་ཨ་ཁུ་ཕུན་ཚོགས་ཀྱིས་ཁྱིམ་ཚང་མགྲོན་ཁང་གཉེར་འགོ་ཚུགས།

    ཐོག་མའི་དུས་སུ་ཨ་ཁུ་ཕུན་ཚོགས་ཀྱིས་རང་ཉིད་སྡོད་སའི་ཤིང་བཟོའི་ཐོག་ཁང་ཆུང་ཆུང་ནས་ཁང་མིག་གཉིས་བཏོན་ནས་མལ་ཁྲི་8བསྒྲིགས་ཏེ་ཡུལ་སྐོར་བར་སྣེ་ལེན་ཞུས་པ་དང་། ད་ཆ་ཁོང་གི་ཁྱིམ་ཚང་མགྲོན་ཁང་ནང་མལ་ཁྲི་50བར་མང་དུ་ཕྱིན་ཡོད་པ་རེད། ཁྱིམ་མི་ཚོས་དེ་གར་ལས་ཀ་བྱེད་པ་ཕུད། ད་དུང་ལས་མི་གཅིག་གླས་ཡོད་པ་དང་། ལོ་ལྟར་ཡུལ་སྐོར་བ་3000ཙམ་ལ་སྣེ་ལེན་ཞུས་པར་ལོ་རེར་ཡོང་འབབ་སྒོར་ཁྲི་20ནས་ཁྲི་30བར་ཡོང་གི་ཡོད་པ་རེད།

    བཀྲ་ཤིས་སྒང་གྲོང་ཚོར་ཞིང་དུད་50ལྷག་ཙམ་ཡོད་པ་དང་། ཨ་ཁུ་ཕུན་ཚོགས་ཀྱི་སྣེ་ཁྲིད་འོག་དུད་ཚང་40ལྷག་ཙམ་གྱིས་ཁྱིམ་ཚང་མགྲོན་ཁང་གཉེར་ཡོད་པ་དང་། ལོ་རེར་ཡོང་འབབ་སྒོར་ཁྲི་བཅོ་བརྒྱད་བཅུ་དགུ་རག་ཅིང་། དེ་སྔའི་ས་ཞིང་འདེབས་པ་དང་ཕྱུགས་འཚོ་སྐབས་སྒོར་སྟོང་ཕྲག་ཁ་ཤས་ལས་རག་གི་མེད་པས་ད་ཆའི་ཡོང་འབབ་ཧ་ཅང་མང་པོ་ཡིན་པ་རེད།

    ཁྱིམ་ཚང་མགྲོན་ཁང་དེ་དག་དེ་བས་མགྱོགས་ལ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་འགྲོ་ཆེད། ཉིང་ཁྲི་ས་ཁུལ་ཡུལ་སྐོར་ཅུས་ཀྱིས་རོགས་སྐྱོར་མ་དངུལ་ཕོན་ཆེན་བཏང་བ་དེ་དག་ཁྲོད་བཀྲ་ཤིས་སྒང་སྟོད་སྨད་ཀྱི་ཆུའི་ལས་གྲྭ་ཁོ་ནར་མ་དངུལ་སྒོར་ཁྲི་270བཏང་ཡོད་པ་རེད། གཞན་ཡང་ཁོང་ཚོས་ད་དུང་སྐར་མ་རིམ་པའི་དཔྱད་བསྡུར་དང་མི་སྣ་གསོ་སྦྱོང་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་ཉིང་ཁྲིའི་ཁྱིམ་ཚང་མགྲོན་ཁང་རིམ་གྱིས་དེང་རབས་ཅན་དང་ཚད་ལྡན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་ཡོང་བ་བྱས་ཡོད་པ་རེད།

    སྲིད་གཞུང་གི་ཁྲིད་སྟོན་འོག་ཉིང་ཁྲིའི་ཁྱིམ་ཚང་མགྲོན་ཁང་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ཞིང་། ད་ཆ་ཉིང་ཁྲི་ས་ཁུལ་གྱི་ཞིང་འབྲོག་པའི་ཁྱིམ་ཚང་མགྲོན་ཁང་213ཟིན་པ་དང་། དེའི་ནང་སྐར་མ་རིམ་པའི་ཁྱིམ་ཚང་མགྲོན་ཁང་74དང་། ཡུལ་སྐོར་ཞབས་ཞུའི་ནང་ཞུགས་མཁན་ཞིང་འབྲོག་དུད་ཚང་680དང་མི་2800ལྷག་ཙམ་ཡོད་པ་དང་ཞིང་འབྲོག་པ་མི་རེའི་ལོ་རེའི་ཡོང་འབབ་སྒོར་4400ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།