ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཆེད་གཏོང་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་ནས་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་ཞིང་ཆེན་དེས《མཚོ་སྔོན་ཞིང་ཆེན་གྱི་གསར་བརྗེའི་ཡུལ་སྐོར་ཕྱོགས་སྟོན》པར་སྐྲུན་འགྲེམས་སྤེལ་བྱས་པ་དང་ལས་རིགས་ནང་གི་མི་སྣས་བྱ་སྤྱོད་དེ་ལས་མཚོ་སྔོན་གྱི་གསར་བརྗེའི་ཡུལ་སྐོར་རིམ་བཞིན་འཕེལ་རྒྱས་ཀྱི་དུས་མཚམས་ལེགས་ཤོས་སུ་སླེབས་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་ཁང་ཧུའེ་རྒྱལ་སྤྱིའི་ཡུལ་སྐོར་ཁང་གི་སྤྱི་ཁྱབ་སྤྱི་གཉེར་བ་ཏུང་ཝུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱིས་2010ལོའི་ཡས་མས་གསར་བརྗེའི་ཡུལ་སྐོར་ཁྱབ་སྤེལ་བཏང་ཡང་མཛེས་ལྗོངས་ཁུལ་རྒྱང་ཐག་རིང་ལ་སྐད་གྲགས་དེ་ཙམ་མེད་པས་ཅང་ཤིས་དང་ཧྲའན་ཤིས་སོགས་དང་བསྡུར་ན་གསར་བརྗེའི་ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་དེ་ཙམ་མེད་པ་རེད།
མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་འཆར་འགོད་འཛུགས་སྐྲུན་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཞུས་ཁྲའོ་ཝུའེ་ཡིས་བྱ་སྤྱོད་དེས་ཡུལ་སྐོར་བ་ཡུལ་སྐོར་དུ་སྐྱོད་པར་གཞི་འཛིན་ས་མཁོ་འདོན་དང་མཚོ་སྔོན་གྱི་མཛེས་ལྗོངས་ཁུལ་གྱི་སྐད་གྲགས་ཆོད་ཚད་ཆེ་རུ་བཏང་བ་མ་ཟད། མཚོ་སྔོན་གྱི་གསར་བརྗེའི་ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་ལ་སྐུལ་མ་ཐེབས་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་གཞུང་ཕྱོགས་དྲ་བར་ཆ་འཕྲིན་སྤེལ་བ་ལས་མཚོན་པར་གཞིགས་ན། ཡིག་འབྲུ་ཁྲི་15དང་པར་རིས་140ལྷག་ཙམ་ཡོད་པ་དང་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་དང་མཚོ་སྔོན་ཞིང་ཆེན་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་མཉམ་དུ་རྩོམ་སྒྲིག་བྱས་པའི《ཕྱོགས་སྟོན》དེར་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་བཅས་ཀྲོའུ(གྲོང་ཁྱེར)ལྔ་ཚུད་ཡོད་པ་དང་དེབ་དེར་མཚོ་སྔོན་གྱི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ལམ་ཐིག སྒོ་འཛིན། འབྲེལ་ཡོད་དཔྱད་ཡིག་བཅས་དང་དེ་བཞིན་མཛེས་ལྗོངས་ཁུལ་གྱི་གསར་བརྗེའི་སྒྲུང་དང་མི་སྣ་སོགས་བརྒྱུད་རིམ་ལྡན་པའི་ངང་ངོ་སྤྲོད་བྱས་ཡོད་པ་རེད།
གཞན་ཡང་། 《ཕྱོགས་སྟོན》དེའི་ཞར་བྱུང་ནང་འགྲིམ་འགྲུལ་ཆ་འཕྲིན་དང་། ཞིམ་ཟས་དང་ཁྱད་ལྡན་ཐོན་རྫས། དུས་ཆེན་དང་རྟེན་འབྲེལ་བྱེད་སྒོ དེ་བཞིན་ཡུལ་སྐོར་མཛེས་ལྗོངས་ཁུལ་འོས་སྦྱོར་སོགས་ཚུད་ཡོད་པས་སོ་སོས་རླངས་འཁོར་བཏང་ནས་ཡུལ་སྐོར་དུ་སྐྱོད་མཁན་གྱི་ཡུལ་སྐོར་བར་ཕྱོགས་ཡོངས་ཀྱི་ཆ་འཕྲིན་མཁོ་འདོན་བྱས་ཡོད་པ་རེད།