ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་སྤོ་བོ་རྫོང་སྲིད་གཞུང་ནས་ཤེས་རྟོགས་བྱས་པར་གཞིགས་ན། གཞུང་ལམ་དུམ་བུ་ཁག་གཅིག་ཏུ་གངས་གསོག་ཚབས་ཆེན་ཐེབས་ནས་འགྲོ་སྐྱོད་བྱེད་དཀའ་བས་ཟླ་3ཚེས་27ཉིན་བར་མེ་ཏོག་གཞུང་ལམ་དུ་འགྲིམ་འགྲུལ་བཀག་སྡོམ་བྱས་ནས་འཁོར་རིགས་མཐའ་དག་གཏོང་མི་ཆོག་པའི་གཏན་འབེབས་བྱས་ཡོད་པས་རྒྱ་ཆེའི་ཁ་ལོ་བ་དང་འགྲུལ་པ་ཚོས་དུས་ཚོད་ལུགས་མཐུན་བཀོད་སྒྲིག་བྱ་རྒྱུའི་དྲན་སྐུལ་ཞུ་རྒྱུ་ཡིན།
ལོ་ལྟར་ཟླ་2པ་དང་3པ་ནི་མེ་ཏོག་གཞུང་ལམ་རྒྱུད་དུ་གངས་རྡིབ་རྒྱག་མང་ཤོས་ཀྱི་དུས་སྐབས་ཡིན་པ་དང་མིག་སྔར་གཞུང་ལམ་དེའི་རྒྱུད་དུ་གངས་རྡིབ་དང་། འདམ་རྡོའི་ཆུ་རུད། རི་ཉིལ་བ་སོགས་ཀྱི་རང་བྱུང་གནོད་འཚེ་ཡང་སེ་ཐོན་པས་གཞུང་ལམ་གནས་ཚུལ་ཞན་པ་མ་ཟད། ཉེན་ཁ་ངེས་ཅན་གནས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་དེ་གའི་འགྲིམ་འགྲུལ་སྡེ་ཚན་གྱིས་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ནས་གནོད་འཚེ་ཡང་སེ་ཐོན་ཁུལ་ལམ་རྒྱུད་དུ་དོ་དམ་བྱེད་པར་མངགས་ཡོད་པ་དང་། གངས་རྡིབ་སོགས་ཀྱི་གནོད་འཚེ་ཐོན་མ་ཐག་མྱུར་དུ་མྱུར་སྐྱོབ་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མེ་ཏོག་གཞུང་ལམ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་ནས་མེ་ཏོག་རྫོང་པད་མ་ཐང་ཆེན་བར་ལ་བརྗོད་པ་དང་། ལམ་ཐག་རིང་ཚད་སྤྱི་ལེ་117ཡོད་པ་རེད། གཞུང་ལམ་ལམ་རྒྱུད་ཀྱི་ས་གཤིས་གནས་ཚུལ་རྙོག་འཛིང་ཆེ་བས་ས་ཡོམ་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཀྱི་རང་བྱུང་གནོད་འཚེ་ཡང་སེ་ཐོན་པ་དང་ལོ་མང་བསྐྲུན་རུང་གཏོར་སྐྱོན་ཡང་སེ་ཕོག་གི་ཡོད། 2013ལོའི་ཟླ་10པར་གསར་དུ་བསྐྲུན་པའི་མེ་ཏོག་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ནས་མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་མ་ཐུབ་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་རེད།