དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མྱུར་བགྲོད་ལྕགས་ལམ་གྱི“དར་གོས་ལམ་བུའི་ཡུལ་སྐོར་ལམ་ཐིག”ལས་མཚོ་སྔོན་ལ་དགུན་དུས་སུ་ཡང་ཡུལ་སྐོར་བ་སྔར་བཞིན་མང་པོ་ཡོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-03-02

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ལན་ཤིན་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་སྦྲགས་ནུབ་བྱང་གི་ཡུལ་སྐོར་ཁང་མང་པོས“མྱུར་བགྲོད་ལྕགས་ལམ་བརྒྱུད་དེ་དར་གོས་ལམ་བུར་ཡུལ་སྐོར་དུ་སྐྱོད”ཅེས་པའི་ཡུལ་སྐོར་ལམ་ཐིག་བཏོན་པས“དར་གོས་ལམ་བུའི་ཡུལ་སྐོར་ལམ་ཐིག”སྐྱེ་སྟོབས་འབར་བ་ལྟ་བུར་གྱུར་ནས་མཚོ་སྔོན་དུ་དགུན་དུས་སུ་ཡུལ་སྐོར་བ་ཉུང་བའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་བ་རེད།

    བསྡོམས་རྩིས་ལ་གཞིགས་ན། ན་ནིང་ཟླ་12ཚེས་26ཉིན་ལན་ཤིན་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ་ནས་བཟུང་ལན་ཤིན་ནུབ་ཚིགས་ཀྱིས་ཟླ་གཅིག་ནང་ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་10ལྷག་ཙམ་སྐྱེལ་འདྲེན་བྱས་པ་དང་ཀྲང་ཡེ་དང་ཅ་ཡུས་ཀོན་སོགས་ཕྱོགས་ལ་བཏང་བའི་མེ་འཁོར་ནང་འགྲུལ་པ་ཞུགས་ཚད་100%ཟིན་པ་དང་ཤུགས་འགྲེམས་མེ་འཁོར་ཁག་གཅིག་འགྲུལ་པས་ཁེངས་པར་གྱུར་ཡོད། དཔྱིད་གསར་དུས་ཆེན་རིང་ཟི་ལིང་ནས་ཝུའུ་ལུའུ་མུའུ་ཆི་ཕྱོགས་སུ་གཏོང་བའི་མེ་འཁོར་གྱི་སྤ་སེ་དཀོན་པོ་ཡོད་པ་དང་མཚོ་སྔོན་དུམ་བུའི་ཤུཌ་འགྲེམས་མེ་འཁོར་ཁག་གཅིག་གི་སྤ་སེ་བཙོངས་ཟིན་པ་རེད།

    མཚོ་སྔོན་ས་མཐོར་གནས་པས་དགུན་དུས་དང་དཔྱིད་དུས་བལྟོས་བཅས་ངང་གྲང་ངར་ཆེ་བ་དང་རིང་བར་བརྟེན་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་འགོག་རྐྱེན་ཞིག་ཏུ་གྱུར་པས་དགུན་དཔྱིད་དུས་སུ་ཞིང་ཆེན་དེར་ཡུལ་སྐོར་དུ་ཡོང་མཁན་ཡུལ་སྐོར་བ་མང་པོ་དེ་ཙམ་མེད་པ་རེད།

    “དེ་སྔོན་དུས་དེར་ཡུལ་སྐོར་བ་སྤྱིར་ན་མེད། འདི་ལོ་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཡུལ་སྐོར་བ་ཧ་ཅང་མང་པོ་འདུག་པས་ང་ཚོར་ངལ་གསོའི་དུས་ཚོད་སྤྱིར་བཏང་མི་འདུག”ཅེས་མཚོ་སྔོན་ཞིང་ཆེན་ཁང་ཧུའེ་ཡུལ་སྐོར་ཁང་གི་སྤྱི་ཁྱབ་སྤྱི་གཉེར་བ་ཏུང་ཝའེ་ཡིས་བཤད།

    ཏུང་ཝའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས“མྱུར་བགྲོད་ལྕགས་ལམ་བརྒྱུད་ནས་དར་གོས་ལམ་བུར་ཡུལ་སྐོར་བྱེད”ཅེས་པའི་ཡུལ་སྐོར་ཚོགས་པ་ལྔ་བཏང་བ་རེད། “ཚོགས་པའི་ནང་འགྲོ་འདོད་བྱེད་མཁན་ཧ་ཅང་མང་པོ་འདུག དཔེར་ན་ང་ཚོས་དཔོད་ཆུང་བརྒྱུད་མྱུར་བགྲོད་ལྕགས་ལམ་བརྒྱུད་དེ་ཏུན་ཧོང་དུ་ཡུལ་སྐོར་ལ་བསྐྱོད་རྒྱུ་ཁྱབ་སྤེལ་བྱས་ནས་མི་བཞི་བཅུ་ལྔ་བཅུ་ཡོད་པའི་ཚོགས་པ་ཞིག་སྒྲིག་འཛུགས་བྱེད་རྩིས་བྱས་ཀྱང་མིང་ཐོ་འགོད་མཁན་120ལྷག་ཙམ་འདུག”ཅེས་བཤད།

    ལན་ཤིན་མྱུར་བགྲོད་ལྕགས་ལམ་དེ་ལན་ཀྲོའུ་ནུབ་ཚིགས་ནས་ཐོན་པ་དང་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་དང་། ཀན་སུའུ་ཞིང་ཆེན་གྱི་ཀྲང་ཡེ་དང་། ཅིའུ་ཆོན། ཅ་ཡུས་ཀོན་བཅས་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཧ་སྨི་དང་ཐུའུ་ལུའུ་ཕན་བཅས་བརྒྱུད་ཝུའུ་ལུའུ་མུའུ་ཆི་བབས་ཚུགས་ལ་འབྱོར་རྗེས་ཤིན་ཅང་དང་། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་འཕྲེད་བརྒལ་བྱེད་ཀྱི་ཡོད་པ་རེད། ལམ་བུ་ཧྲིལ་པོར་ལམ་ཐིག་སྤྱི་ལེ་1776ཡོད་པ་དང་ལམ་རྒྱུད་དུ་རྩྭ་ཐང་དང་། བྱེ་ཐང་། གྲམ་ཐང་། གངས་རི་སོགས་ས་དབྱིབས་ཕུན་སུམ་ཚོགས་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།