འདི་ནི་ཟླ་2ཚེས་22ཉིན་ནང་ས་ནས་ཡོང་བའི་ཡུལ་སྐོར་བས་ཕོ་བྲང་པོ་ཏ་ལའི་མདུན་དུ་དྲན་རྟེན་པར་རྒྱག་པའི་གནས་ཚུལ་ཡིན་པ།
མིག་སྔར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་རྣམ་པས་ཁེངས་ནས་དགུན་དུས་ཀྱང་ལྷ་སའི་ཡུལ་སྐོར་ཁྲོམ་ར་འཁྲུག་པོ་ཡོད། ཡུལ་སྐོར་བ་མི་ཉུང་བས་ཆེད་མངགས་ལྷ་སར་བོད་ཀྱི་ལོ་གསར་གཏོང་བར་ཡོང་ནས་སྲོལ་རྒྱུན་གྱི་བོད་ཀྱི་ལོ་གསར་མྱོང་རོལ་བྱེད་པ་དང་ཆབས་ཅིག་དགུན་དུས་ས་མཐོའི་དྲོ་སྐྱིད་ཡང་ལོངས་སུ་སྤྱོད་པར་ཡོང་གི་ཡོད།
ལོ་28ལ་སླེབས་པའི་ཧུའུ་ནན་གྱི་ཡུལ་སྐོར་བ་ཅང་ཀྲེན་ཡུས་ཀྱིས་ཕུན་ཚོགས་ཁམས་བཟང་གཞོན་ནུའི་མགྲོན་ཁང་དུ་ཞག་སྡོད་འགྲོ་ལུགས་གཉེར་མཇུག་སྒྲིལ་མ་ཐག“ད་ཐེངས་ཆེད་མངགས་བོད་ཀྱི་ལོ་གསར་དང་ཐུན་མོང་མིན་པའི་དམངས་སྲོལ་མྱོང་རོལ་བྱེད་པ་དང་ཆབས་ཅིག་ནང་མི་བདེ་ཐང་ཡོང་བའི་སྨོན་འདུན་ཡང་ཞུ་བར་ཡོང་བ་ཡིན”ཞེས་དགའ་ཚོར་ཆེན་པོས་བཤད་བྱུང་།
“ཁྱིམ་དུ་གནམ་གང་བཏང་རྗེས་ལོ་གསར་ཚེས་གཅིག་ཉིན་གྱི་ཞོག་པ་ཁྲེང་ཏུའུ་ནས་ཆེད་མངགས་ལྷ་སར་ཡུལ་སྐོར་བྱེད་པར་ཡོང་བ་ཡིན”ཞེས་ལོ་26ལ་སླེབས་པའི་ཁྲེང་ཏུའུ་ཡི་ཕོ་གཞོན་ལིའུ་ཀྲི་ཕུང་གིས་དགའ་ཚོར་ཆེན་པོས་གསར་འགོད་པར་བཤད་བྱུང་།
ཚེས་19ཉིན་གྱི་སྔ་དྲོ་གཙུག་ལག་ཁང་གི་ཐང་ཆེན་ཐོག་དྲི་ཞིམ་བསང་དུད་འཕྱུར་བ་དང་། གནའ་གྲོང་བར་སྐོར་དུ་དད་ལྡན་མང་ཚོགས་ཚོས་སྐོར་བར་འགྲོ་བ། རི་འཛེག་གྱོན་གོས་གྱོན་པའི་ཡུལ་སྐོར་བ་དེའི་ཁྲོད་དེ་བས་མངོན་གསལ་དོད་པ་བཅས་ཡོད།
ཨན་ཧུའེ་ཧོ་ཕེ་ནས་ཡིན་པའི་ཞ་ཙེ་ཁྲེན་གྱི་ནང་མིས་བར་སྐོར་ནས་ཉོས་མ་ཐག་པའི་རྒྱན་ཆ་དང་ཁྱད་ལྡན་ཐོན་རྫས་ལ་ལྟ་བཞིན་དུ་འཆམ་འཆམ་དུ་འགྲོ་བ་མཐོང་བྱུང་།
“ང་ཚོ་ནང་མི་བཞི་པོ་རྒྱལ་ཟླའི་ཚེས་ཉི་དགུ་ཉིན་གྱི་ཕྱི་དྲོ་ལྷ་སར་སླེབས་པ་ཡིན། དེ་སྔ་ནང་མི་ཚང་མས་ཁྱིམ་དུ་དཔྱིད་གསར་དུས་ཆེན་གཏོང་གི་ཡོད། འདི་ལོ་ང་ཚོས་ཆེད་མངགས་ལྷ་སར་བོད་ཀྱི་ལོ་གསར་མྱོང་རོལ་བྱེད་པར་ཡོང་བ་ཡིན”ཞེས་ལོ་45ལ་སླེབས་པའི་ཞ་ཙི་ཁྲེན་གྱིས་གསར་འགོད་པར་བཤད་བྱུང་།
ཞ་ཙི་ཁྲེན་གྱིས་སྐད་ཆ་ཤོད་མཚམས་མ་བཞག་གོང་ཁོང་གི་ལོ་10ལ་སླེབས་པའི་བུས“ང་ཚོས་ད་དུང་ཇ་མངར་མོ་བཏུང་པ་ཡིན། བྲོ་བ་ཧ་ཅང་ཞིམ་པོ་འདུག ལྷག་པར་དུ་དེ་གའི་ནམ་མཁའ་སྔོ་ཞིང་མཁའ་རླུང་ཡང་ཧ་ཅང་ཡག་པོ་འདུག”ཅེས་གསར་འགོད་པར་བཤད་བྱུང་།
“ཉིན་ཤས་རིང་ཡུལ་སྐོར་བ་མངོན་གསལ་དོད་པོས་མང་དུ་ཕྱིན་འདུག ང་ཚོའི་ཚོང་ཡང་དེ་གོང་དང་བསྡུར་ཚེ་ཡག་ཏུ་ཕྱིན་སོང་། ལོ་གསར་རིང་ནང་སའི་ཡུལ་སྐོར་བ་ཡོད་པ་མ་ཟད། ད་དུང་ཕྱི་རྒྱལ་བའང་མང་པོ་འདུག”ཅེས་ལྷ་སའི་བར་སྐོར་ཁྲོམ་གཞུང་དུ་ལོ་མང་ཚོང་རྒྱག་མཁན་བསྟན་འཛིན་རྡོ་རྗེས་བཤད་བྱུང་།
དཔྱིད་གསར་དུས་ཆེན་རིང་བོད་ལ་ཡུལ་སྐོར་དུ་ཡོང་མཁན་ཕྱི་རྒྱལ་བས་བོད་ཀྱི་ཁྱད་འཕགས་ཀྱི་ཡུལ་ལྗོངས་མྱོང་རོལ་ཐུབ་པ་མ་ཟད། ད་དུང་ས་གནས་དེ་གའི་མང་ཚོགས་ཀྱི་སེམས་རྩ་འཁོལ་བའི་སྣེ་ལེན་ཡང་ཐོབ་ཡོད།
ཡུན་ནན་གྱི་དབྱི་རིགས་བུ་མོ་ཤེ་ཚན་དང་ཁོ་མོའི་གྲོགས་མོ་དཔྱིད་གསར་དུས་ཆེན་རིང་ཆེད་མངགས་བོད་དུ་ཡུལ་སྐོར་བྱེད་པར་ཡོང་ཞིང་། ལོ་གསར་ཚེས་གཅིག་ཉིན་བུ་མོ་གཉིས་པོ་བོད་རིགས་དང་རྒྱ་རིགས་སྤུན་ཟླའི་བོད་ཀྱི་ལོ་གསར་རིང་གི་འདུ་འཛོམས་ཤིག་ནང་གདན་དྲངས་ནས་བོད་དུ་ཡོང་ཐེངས་དང་པོ་ཡིན་པའི་བུ་མོ་དེ་གཉིས་ཀྱིས་དམིགས་བསལ་གྱི་ལོ་གསར་ཞིག་གཏོང་རྒྱུ་བྱུང་བ་དང་བོད་རིགས་སྤུན་ཟླའི་སེམས་རྩ་འཁོལ་པོས་མགྲོན་པོ་བསུ་བའི་རྒྱུན་གཤིས་ཚོར་དུ་བཅུག་ཡོད།
བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་ཤེ་ཚན་དང་གྲོགས་མོས་ཆེད་མངགས་ཁ་བཏགས་འཁྱེར་བ་དང་ཁ་ཟས་ཕྲན་ཙམ་ཉོས་ཏེ་ཨ་ཅག་བདེ་སྐྱིད་ཀྱི་ཁྱིམ་དུ་ལོ་གསར་ལ་འཚམས་འདྲི་ཞུ་བར་བསྐྱོད་ཅིང་། ཤེ་ཚན་གྱིས་ཨ་ཅག་བདེ་སྐྱིད་འཕྲད་མ་ཐག་ཁོང་ལ་ཁ་བཏགས་བསྒྲོན་ནས་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུས་རྗེས་ལོ་གསར་གྱི་གཟབ་མཆོར་སྤྲས་པའི་ནང་མི་ཚོས་ང་གཉིས་ཁོང་ཚོའི་ཁྱིམ་གྱི་མགྲོན་བསུ་ཁང་ནང་གདན་དྲངས་བྱུང་། དེ་རྗེས་ཨ་ཅག་བདེ་སྐྱིད་ཀྱིས་གྲོ་སོ་ཕྱེ་མར་བཏེགས་པ་དང་ང་གཉིས་ལ་ཕུལ་གཏོར་ཡང་བྱེད་དུ་བཅུག་བྱུང་། ང་གཉིས་དེ་སྔ་དེ་ལྟར་བྱེད་མྱོང་མེད་སྟབས་ཨ་ཅག་བདེ་སྐྱིད་ཀྱིས་ང་གཉིས་ལ་དཔེ་སྟོན་བྱུང་། ངེད་གཉིས་ཀྱིས་ཀྱང་ནན་ཏན་ངང་ཕུད་གཏོར་བྱས་ནས་མི་རིགས་ཀྱི་གོམས་སྲོལ་ལ་བརྩི་འཇོག་ཞུ་ལུགས་མཚོན་པ་ཡིན། དེ་རྗེས་ཨ་ཅག་བདེ་སྐྱིད་ཀྱིས་ཇ་བསྲུབས་མ་བླུགས་པ་དང་ངེད་གཉིས་ཀྱི་ལག་ཏུ་གྲིས་གཏུབ་པའི་ཐུད་ལྷེབ་ལྷེབ་རེ་རེ་སྤྲད་བྱུང་། ང་གཉིས་ཀྱིས་བྲོ་བ་བལྟས་པས་ཐུད་དེ་ཧ་ཅང་ཞིམ་པོ་འདུག ང་གཉིས་ཀྱིས་ཐུད་བཟས་རྗེས་ཡང་ཨ་ཅག་བདེ་སྐྱིད་ཀྱིས་འབྲོག་ཁུལ་གྱི་སྤུན་མཆེད་ཁྱིམ་གྱི་ཞོ་བླུགས་བྱུང་ཞེས་གསར་འགོད་པར་བཤད་བྱུང་།
ཤེ་ཚན་གྱིས་གསར་འགོད་པར་ཁོ་མོ་བདེ་སྐྱིད་ཀྱི་ཁྱིམ་དུ་ལོ་གསར་གཏོང་བར་སྐྱོད་སྐབས་སྒོ་རའི་ནང“བཀྲ་ཤིས་བདེ་ལེགས”ཞེས་པའི་སྨོན་ཚིག་ཡང་ཡང་ཐོས་པ་དང་སྒོ་རའི་ནང་ལྟ་བར་འགྲོ་སྐབས་ཚན་པའི་འཚམས་འདྲིའི་ཚོགས་པས་ལས་བཟོའི་ཁྱིམ་དུ་འཚམས་འདྲི་བྱེད་པར་ཡོང་བ་མཐོང་བྱུང་། ཚང་མས་བཀྲ་ཤིས་སྨོན་འདུན་ཞུས་ཤིང་། བོད་རིགས་སྤུན་ཟླ་ཚོས་ཀྱང་སྐུ་མགྲོན་ཚོ་བཞུགས་གྲལ་མདུན་དུ་གདན་དྲངས་པ་དང་། ཇ་བསྲུབས་མ་བླུགས་པ། ཕྱེ་མར་བཏེགས་པ། དངུལ་ཕོར་ནང་ཆང་བླུགས་པ་སོགས་ཁྱིམ་དུ་ལོ་གསར་གྱི་རྣམ་པས་ཁེངས་ཡོད། མི་ཚོས་ང་གཉིས་མཐོང་རྗེས་གཅིག་མཇུག་གཉིས་མཐུད་ངང་ང་གཉིས་ཁོང་ཚོའི་ཁྱིམ་དུ་གདན་དྲངས་ནས་མི་དང་མིའི་དབར་གྱི་བརྩེ་སེམས་ཟབ་མོ་དང་བོད་མི་རིགས་ཀྱི་ནང་མི་དང་གྲོགས་མོ་བདེ་སྐྱིད་སྤྲོ་སྣང་ཡོང་བའི་སྨོན་འདུན་ཞུ་ལུགས་ཀྱང་ཚོར་དུ་བཅུག་བྱུང་ཞེས་བཤད་བྱུང་།
ཡང་ཤེ་ཚན་གྱིས་དཔྱིད་གསར་དུས་ཆེན་རིང་བོད་ཀྱི་ས་ཕྱོགས་གང་སར་འགྲོ་འདོད་འདུག དགུན་དུས་བོད་དུ་སྒོ་འཛིན་གོང་ཁེ་བ་དང་ལྷག་པར་དུ་མཛེས་ལྗོངས་ཁུལ་ཁག་གཅིག་གི་སྒོ་འཛིན་ཉོ་བདེ་པོ་ཡོད་པ་ཤེས་བྱུང་བས་ང་གཉིས་ཡོང་བ་ཡིན། “བསམ་ཡུལ་ལས་འདས་པ་ཞིག་ནི་ང་ཚོ་བོད་རིགས་སྤུན་ཟླའི་ཁྱིམ་དུ་ལོ་གསར་གཏོང་རྒྱུ་བྱུང་བ་དང་བོད་རིགས་སྤུན་ཟླའི་བརྩེ་སེམས་ཟབ་མོ་ཚོར་བྱུང་བས་ཧ་ཅང་སྐྱིད་པོ་བྱུང་། ལྷག་པར་དུ་རྣམ་པ་ཟབ་པའི་ལོ་གསར་དེ་ལས་བོད་ཀྱི་དཔལ་འབྱོར་འཕེལལ་རྒྱས་དང་། དངོས་ཟོག་འཛོམས་པ། མི་རིགས་འཆམ་མཐུན། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཚོར་བྱུང་བས་དེ་ནི་ཚེ་གང་རིང་བརྗེད་པར་དཀའ་བ་ཞིག་བྱུང”ཞེས་གསར་འགོད་པར་བཤད་པ་རེད།