ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚང་ཚིང་སྟུག་པོ་དང་། རྦབ་ཆུ་དྲག་པོ། གངས་རི་མཐོན་པོ། དབེན་པའི་གནའ་གྲོང་སོགས་ལས་བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་ཞེས་གྲགས་པའི་ཉིང་ཁྲི་ས་ཁུལ་ནི་ས་བབ་ཅུང་དམའ་བ་དང་། སྔོ་ཁེབས་ལེགས་པ། གསོ་རླུང་མང་བ་སོགས་ཀྱི་རྐྱེན་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་བོད་དུ་འཕྲོད་པར་བྱེད་པའི་བར་བརྒལ་སྟེགས་བུ་ལྟ་བུར་གྱུར་ཡོད་པ་རེད།
ཉིང་ཁྲི་ནི་བོད་ཀྱི་དུས་བཞིའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་ཡིན། མིག་སྔར་བོད་དུ་ཡུལ་སྐོར་བ་མང་ཤོས་ཀྱི་དུས་ཤར་བས་ཉིང་ཁྲི་ས་ཁུལ་གྱིས་ཧ་ཅང་ལེགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་ལམ་ཐིག་རྩེ་གྲ་དྲུག་འོས་སྦྱོར་བྱས་པ་རེད།
ལམ་ཐིག་དང་པོ། ནགས་ཚལ་འཁྱག་རོམ་ཡུལ་སྐོར།
གསོ་རླུང་མང་ཤོས་ཀྱི་ས་ཁུལ་དལ་གྱིས་བགྲོད་པ་དང་། རི་མཐོ་ལ་ནགས་སྟུག་པོའི་ཀླུ་ནང་བརྒལ་བ། “ཀྲུང་གོའི་རི་བོ་མཛེས་ཤོས”ཀྱི་མཚན་སྙན་ལྡན་པའི་རི་བོ་གནམ་ལྕགས་འབར་བར་རྒྱང་ལྟ་བྱེད་པ། བྲོ་བཅུད་ལྡན་པའི་བེ་ཤ་བྱ་ཤའི་རྡོ་ཁོག་ཟ་བ། ཀོང་པོའི་བོད་རིགས་ཀྱི་དམངས་སྲོལ་གོམས་གཤིས་ཉམས་སུ་མྱོང་བ་བཅས་ཡིན།
ལམ་ཐིག་གཉིས་པ། རོང་ཆེན་དུ་རྐང་ཐང་མྱུལ་དཔྱད་ཡུལ་སྐོར།
ཡར་ཀླུང་གཙང་པོའི་རོང་ཆེན་གྱི་རྟ་རྨིག་དབྱིབས་ཀྱི་ཁུག་པ་བརྒྱུད་མཐོ་གྲང་སྔོ་དྲེག་ས་ཁུལ་ནས་དྲོ་རྒྱུད་སྡོང་ཕྲན་ཁུལ་དང་དེ་ནས་ཚ་ཁུལ་ཕལ་བའི་ནགས་ཚལ་ཁུལ་བཅས་ཀྱི་ནམ་ཟླ་མི་འདྲ་བའི་མཛེས་ལྗོངས་ཉམས་སུ་མྱོང་བ་དང་། མཐོང་རྒྱ་ཆེས་ལེགས་ས་ནས་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་རྟ་རྨིག་དབྱིབས་ཀྱི་ཁུག་པ་དང་རྒྱ་ལ་དཔལ་རིར་པར་རྒྱག་པ། མོན་པ་རིགས་ཀྱི་གདོད་མའི་དམངས་སྲོལ་གོམས་གཤིས་ཉམས་སུ་མྱོང་བ་བཅས་ཡིན།
ལམ་ཐིག་གསུམ་པ། ཡར་ཀླུང་གཙང་པོའི་ཡུལ་སྐོར།
ཡར་ཀླུང་གཙང་པོའི་རོང་ཆེན་དུ་འབབ་པའི་བརྗིད་ཆགས་ཉམས་འགྱུར་ལ་ལྟ་བ་དང་། ན་བུན་གྱི་མགུན་རྒན་སྤྲས་པའི་རི་བོ་གནམ་ལྕགས་འབར་བ་དང་རྒྱ་ལ་དཔལ་རི་དང་ཉེ་བར་བཅར་བ། བོད་དང་། མོན་པ། ལྷོ་པ་སོགས་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་འཚོ་བ་ཉམས་སུ་མྱོང་བ་བཅས་ཡིན།
ལམ་ཐིག་བཞི་པ། ཁྲོན་བོད་གཞུང་ལམ་དང་ཡུན་བོད་གཞུང་ལམ་གྱི་ཡུལ་སྐོར།
ཁྲོན་བོད་དང་ཡུན་བོད་ལམ་ཐིག་རྒྱུད་ཀྱི་མཛེས་ལྗོངས་རྨད་དུ་བྱུང་བ་དང་ལྷག་པར་དུ་ཀྲུང་གོའི་མཛེས་ལྗོངས་ལམ་ཆེན་དུ་གྲགས་པའི་ཁྲོན་བོད་གཞུང་ལམ་སྟེ་རྒྱལ་ལམ་318རྒྱུད་ཀྱི་ཉིང་ཁྲིའི་དུམ་བུར་རི་བོ་གནམ་ལྕགས་འབར་བ་དང་། “བོད་ཀྱི་སུའེ་ཙེར་ཆུང་བ”ཞེས་གྲགས་པའི་ཀླུ་ནང་གྲོང་རྡལ། ཀོང་པོ་བ་ལའི་དར་ལྕོག་སོགས་ཡུལ་སྐོར་མཛེས་ལྗོངས་ལ་ལྟ་བ།
ལམ་ཐིག་ལྔ་པ། བོད་ཤར་ལྷོའི་ཡུལ་སྐོར།
ཉིང་ཁྲི་ས་ཁུལ་བྲག་ཡིབ་གྲོང་རྡལ་ནས་ལམ་ལ་ཆས་ཏེ་སྨན་གླིང་རྫོང་དང་སྣང་རྫོང་བརྒྱུད“བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས”ལྷོ་ཁ་ས་ཁུལ་དུ་སླེབས་པ་དང་དེ་ནས་ལྷ་སར་ལོག་པ་ནི་སྣོད་བཅུད་ཡུལ་སྐོར་ཐོན་ཁུངས་དང་མིས་བཟོས་ཡུལ་ལྗོངས་ཟུང་འབྲེལ་བྱས་པའི་ཡུལ་སྐོར་ལམ་ཐིག་རྩེ་གྲ་ཞིག་ཡིན་པས། “བོད་ཀྱི་རིག་གནས་ཀྱི་ཁྱམས་རིང”ཞེས་འབོད་ཀྱི་ཡོད་པ་རེད།
ལམ་ཐིག་དྲུག་པ། མེ་ཏོག་རྫོང་དུ་རྐང་ཐང་མར་སྐྱོད་པའི་ཡུལ་སྐོར།
མེ་ཏོག་རྫོང་དུ་རྐང་ཐང་མར་སྐྱོད་པའི་ཡུལ་སྐོར་ལམ་ཐིག་ནི་ལོ་མང་རིང་བོད་ཀྱི་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཅུའི་དང་པོ་ཡིན་ལ་ལམ་ཐིག་འདིའི་རྒྱུད་དུ་གངས་རི་དང་། འཁྱག་རོམ། ནགས་ཚལ། རྩ་ར། རྦབ་ཆུ། རོང་ཆེན་སོགས་ཡུལ་ལྗོངས་མང་པོ་འདུས་པས་ཡུལ་སྐོར་བ་ཚོའི་དགའ་བསུ་ཐོབ་ཀྱི་ཡོད།
གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་འཁྲུག་ཏུ་ཕྱིན་ཞིང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་218.2ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་21.2%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་24.3ཟིན་པ་དེ་དུས་མཚུངས་ལས་24.6%འཕར་ཡོད་པ་རེད།