མི་དམངས་དྲ་བའི་འཕྲིན།གསར་འགོད་པས་བོད་རང་སྐྱོང་ལྗོངས་སྤོ་བོ་རྫོང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན།ཁྲོན་བོད་གཞུང་ལམ་གྱི་རྒྱལ་ལམ་318རྒྱུད་ཀྱི་ལམ་དུམ་གཙོ་བོ་ཡིན་པའི་ཐང་སྨད་ཟམ་ཆེན་སྤྱི་ཟླ་1ཚེས་26ཉིན་གྱི་སྔ་དྲོར་ལྕགས་སྒྲོམ་མཐུད་ཁ་འཛོལ་བས་ལམ་ཆད་པ་དང་རླངས་འཁོར་ཚང་མ་གནས་སྐབས་འགྲོ་འོང་བྱེད་མཚམས་བཞག་ཁར་ཤར་གཏོང་ཐུབ་པའི་དུས་ཚོད་གཏན་འཁེལ་བྱུང་མེད་པ་རེད།ཟམ་སྲུང་དཔོན་དམག་གིས་འགྲོ་འོང་བྱེད་མཁན་ཁ་ལོ་བ་དང་འགྲུལ་པ་དང་།རང་ཉིད་ཀྱིས་རླངས་འཁོར་གཏོང་བ་དང་རྐང་འཁོར་བཞོན་པའི་ཡུལ་སྐོར་བས་ཕྱོགས་ཐོན་གྱི་འཆར་གཞིར་འགྱུར་ལྡོག་གཏོང་རྒྱུའི་དྲན་སྐུལ་བྱས་པ་རེད།
ངོ་སྤྲོད་བྱས་པ་ལྟར་ན།ཐང་སྨད་ཟམ་ཆེན་གྱི་ལྕགས་སྒྲོམ་མཐུད་ཁ་འཛོལ་བས་ཟམ་ཆེན་གཙོ་བོ་དང་ཟམ་པའི་ངོགས་གཉིས་དབར་གྱི་འབྲེལ་མཚམས་མཐུད་མ་ཐུབ་པར་བརྟེན་ཟམ་ཆེན་གྱི་སྦྲེང་ཐག་གི་འཐེན་ཤུགས་མ་སྙོམས་པས་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་བཟོས་པ་རེད།ཉེན་ཁ་ཐོན་རྗེས་ཟམ་པ་ཉམས་བཟོའི་མི་སྣ་འཕྲལ་དུ་ས་གནས་ས་ཐོག་ཏུ་བསྐྱོད་དེ་ཉམས་བཟོ་དང་བརྟན་གཏོང་བྱས་པ་དང་།ཉིན་དེའི་ཆུ་ཚོད་15སྐབས་ཉམས་བཟོའི་ལས་དོན་ད་དུང་ཛ་དྲག་ཆེ་ཞིང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པས།རླངས་འཁོར་ཤར་གཏོང་ཐུབ་པའི་དུས་ཚོད་གཏན་འཁེལ་བྱུང་མེད་པ་རེད།
མིག་སྔར་ས་གནས་དེ་གའི་འགྲིམ་འགྲུལ་སྡེ་ཚན་གྱིས་ཐང་སྨད་ཟམ་ཆེན་གྱི་ངོགས་གཉིས་སུ་འགག་སྒོ་བཙུགས་ནས་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱས་པ་རེད།ཁྲོན་བོད་གཞུང་ལམ་ཤར་གཏོང་གི་ལས་འགན་འཁུར་བའི་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་གཉིས་པའི་དཔོན་དམག་གིས་ཉམས་བཟོའི་ལས་དོན་ལ་གཞོགས་འདེགས་བྱས་པ་དང་འབྲེལ་འགྲོ་འོང་བྱེད་མཁན་དང་རླངས་འཁོར་ཕྱིར་ལོག་བཏང་བ་དང་ལམ་བཤངས་པ་རེད།
བོད་ལྗོངས་ཉིང་ཁྲི་ས་ཁུལ་ཡུལ་སྐོར་ཅུས་ཀྱིས་ཐང་སྨད་ཟམ་ཆེན་ཤར་གཏོང་མི་ཐུབ་པར་བརྟེན་རང་ཉིད་ཀྱིས་རླངས་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་ཚོར་གནས་སྐབས་རིང་རྒྱལ་ལམ་318བརྒྱུད་ནས་བོད་དུ་ཕེབས་རྒྱུ་མེད་པ་དང་ལྷ་ས་གོང་དཀར་གནམ་ཐང་དང་།ཉིང་ཁྲི་སྨན་གླིང་གནམ་ཐང་།མཚོ་བོད་ལྕགས་ལམ།མཚོ་བོད་གཞུང་ལམ།ཁྲོན་བོད་གཞུང་ལམ་གྱི་བྱང་ལམ་སོགས་བརྒྱུད་ནས་ཉིང་ཁྲི་ས་ཁུལ་དུ་ཕེབས་ཆོག་པའི་དྲན་སྐུལ་བྱས་པ་རེད།
ཐང་སྨད་ཟམ་ཆེན་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་ཁོངས་སུ་ཡོད་པ་དང་ཁྲོན་བོད་གཞུང་ལམ་གྱི་རྒྱལ་ལམ་318རྒྱུད་ཀྱི་གཙོ་ཆེའི་ལས་གྲྭ་ཞིག་ཡིན་ཞིང་།ཟམ་ཆེན་དེ་ལྕོག་ཉིས་ལྡན་དང་སྦྲེང་ཐག་གཉིས་འཐེན་གྱི་དཔྱང་ཟམ་དུ་ཇུས་བཀོད་བྱས་ཡོད་པས་ཟམ་ཆེན་གྱི་རིང་ཚད་ཧྲིལ་པོར་སྨི་258ཡོད་པ་དང་།ཞེང་ཚད་སྨི་210དང་མཐོ་ཚད་སྨི་31.5ཡོད།ཉེན་ཁ་ཆེ་དྲགས་ནས་སྐད་གྲགས་ཆོད་པའི་ཁྲོན་བོད་གཞུང་ལམ་གྱི་སྤྱི་ལེ་14དེ་ཐང་སྨད་ཟམ་ཆེན་གྱི་ཉེ་འགྲམ་དུ་ཡོད།2013ལོའི་ཟླ་8པར་ཟམ་ཆེན་གྱི་ཆ་ཤས་རྡིབ་ནས་ལམ་ཆད་པ་དང་མི་4གར་སོང་ཆ་མེད་དུ་གྱུར་པ་རེད།