
མི་དམངས་དྲ་བའི་འཕྲིན།ཉེ་ཆར་ཁྲོན་བོད་གཞུང་ལམ་རྒྱུད་ལ་གངས་ཡང་ཡང་བབས་པས་ཉེན་ཆེའི་ལམ་དུམ་བུ་ཁག་གཅིག་ཏུ་གངས་གསོག་ཐེབས་པ་དང་།རི་ཉིལ་བ།འཁོར་རིགས་འདྲེད་པ་སོགས་མི་མངོན་པའི་རྐྱེན་ངན་གནས་ཡོད།ཁྲོན་བོད་གཞུང་ལམ་ཤར་གཏོང་གི་ལས་འགན་འཁུར་མཁན་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་གཉིས་པའི་དཔོན་དམག་གིས།སྒེར་འཁོར་བཏང་སྟེ་བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་མཁན་འགྲུལ་པ་དང་དེ་བཞིན་ཁ་ལོ་བ་དང་ཞབས་ཞུ་བས་གནམ་གཤིས་ཀྱི་ཆ་འཕྲིན་ལ་དོ་སྣང་བྱས་ཏེ་འཁོར་རིགས་དལ་པོར་བཏང་ནས་འགྲོ་སྐྱོད་བདེ་འཇགས་ཡོང་བ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
ངོ་སྤྲོད་བྱས་པ་ལྟར་ན།ལམ་ཚད་ཧྲིལ་པོར་སྤྱི་ལེ་2400ལྷག་ཙམ་ཡོད་པའི་ཁྲོན་བོད་གཞུང་ལམ་དེ་ཉིད་ཆ་སྙོམས་ས་བབ་སྨི་3000ཡན་དུ་གནས་པ་དང་ལམ་རྒྱུད་དུ་ས་བབ་སྨི་4000ཡན་ཟིན་པའི་རི་མཐོན་པོ་མང་པོ་ཡོད་པ་མ་ཟད།ལམ་ཁག་གཅིག་ཏུ་ལོ་ཧྲིལ་པོར་གངས་བབས་ནས་བཞུར་གྱི་མེད།
དགུན་ཁ་འཆར་རིམ་བཞིན་ཁྲོན་བོད་གཞུང་ལམ་བོད་ལྗོངས་ཀྱི་ཆབ་མདོའི་ཁོངས་ཀྱི་ར་འོག་རོང་དང་ཀརྨ་རོང་དང་དེ་བཞིན་ཉིང་ཁྲིའི་ཁོངས་ཀྱི་སྨྱུག་ཐར་རོང་གི་ལམ་དུམ་བུར་གངས་བབས་ནས་འཁྱག་པ་མང་པོ་ཐེབས་པའི་ཁར་གངས་རྡིབ་ཡང་ཡང་རྒྱག་པའི་ཁྲོད།རྒྱལ་ལམ་318ལམ་རྒྱུད་ཀྱི་རི་ཉིལ་ཁུལ་102དང་དེ་བཞིན་ཐང་སྨད་ནས་ལམ་སྐྱོང་ས་ཚིགས་105བར་ནི་ཁྲོན་བོད་གཞུང་ལམ་གྱི་ལམ་རྒྱུད་ཁྲོད་ནས“ཉེན་ཁ་ཆེ་ཤོས”སུ་གྱུར།
དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་གཉིས་པའི་ཚན་མོའོ་ཀྲང་ཀྲང་ཀྲེན་ཝུའུ་ཡིས།ཡུལ་སྐོར་བས་ཁྲོན་བོད་གཞུང་ལམ་དུ་མ་བསྐྱོད་གོང་ནས་གནམ་གཤིས་ཀྱི་ཆ་འཕྲིན་ལ་དོ་སྣང་བྱས་ཏེ་གངས་བབས་པའི་དུས་དང་མཚན་མོ་འགྲོ་རྒྱུ་མེད་པ་དང་།རླངས་འཁོར་ནང་འགྲོ་བའི་སྐབས་ལམ་འགྲམ་གྱི་རི་ཐོག་ནས་རྡོ་ཟགས་མིན་ལ་དོ་སྣང་བྱེད་དགོས་པ།གུག་སྒྲོལ་སྐབས་དུང་བརྡ་གཏོང་དགོས་པ།ལམ་དུ་སྐྱོད་སྐབས་སྒོ་ཕྱུགས་སམ་ཡང་ན་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཐུག་སྐབས་གཟབ་ནན་ངང་གཡོལ་དགོས་པ།ཁ་ལོ་བས་རླངས་འཁོར་གཏོང་སྐབས་འདྲེད་འགོག་ལྕགས་སྒྲོག་སྦྲགས་མར་འཁྱེར་དགོས་པ།ལག་གསར་ཁ་ལོ་བས་རང་དགར་འཁོར་རིགས་བཏང་སྟེ་ཁྲོན་བོད་གཞུང་ལམ་ཐོག་བསྐྱོད་རྒྱུ་མེད་པ་བཅས་ཀྱི་གྲོས་འགོ་བཏོན་ཡོད།
ཤེས་རྟོགས་བྱུང་གསལ།གཞུང་ལམ་ཤར་བགྲོད་ཐུབ་པ་བྱ་ཆེད།དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་གཉིས་པའི་དཔོན་དམག་ཚོས་ཉེ་ཆར་བདག་སྐྱོང་དུམ་བུའི་རི་ཉིལ་སར་ལྕགས་དྲ་བརྒྱབ་སྟེ་བརྟན་དུ་བཏང་བ་དང་ཆབས་ཅིག་འཁྱག་པ་དང་གངས་བབས་མང་བའི་ལམ་དུམ་བུར་ཉེན་ཟོན་བྱང་བུ་བཀལ་ནས་གཞུང་ལམ་གཙང་བཤེར་ལས་ཀ་ཡག་པོ་སྒྲུབ་པ་མ་ཟད།གནམ་གཤིས་ལ་མ་ལྟོས་པར་དུས་ངེས་མེད་ངང་སྐོར་གཡེང་བྱེད་ཀྱི་ཡོད་པ་རེད།