དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཚོ་སྔོན་པོའི་འགྲམ་གྱི་སྤྲོ་སྣང་ལྡན་པའི་འབྲོག་དུད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-01-31

    “མཚོ་སྔོན་པོར་ཁ་ཕྱོགས་པ་དང་གང་སར་དཔྱིད་ཀྱི་མེ་ཏོག་རབ་ཏུ་བཞད”ཅེས་སྐམ་སའི་དབུས་ཁུལ་དུ་གནས་པའི་མཚོ་སྔོན་པོའི་འགྲམ་དུ་སྐྱིད་ལ་སྤྲོ་སྣང་ལྡན་པའི་འཚོ་བ་སྐྱེལ་མཁན་འབྲོག་དུད་དེ་འདྲ་ཡོད་པ་ཡིད་ལ་འཁོར་དཀའ།

    སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནས་འགོ་བརྩམས་པ།

    ཁོན་ཐར་བྱམས་དང་སྡོད་ཁང་གསར་པར་སྤོས་པའི་འབྲོག་པ་དུད་ཚང་9ཡི་ངོས་ནས་བརྗོད་ཚེ་དུས་རྒྱུན་དུ་འཚོ་བ་དེ་འདྲ་སྐྱེལ་བཞིན་ཡོད།2010ལོའི་སྟོན་ཁར་ཁོ་ཚོ་སྦྲ་གུར་ནས་བྲལ་ཏེ་མཚོ་སྔོན་པོའི་ཉེ་འགྲམ་གྱི་སྡོད་ཁང་གསར་པའི་ནང་སྤོས་ཡོད།

    དེ་སྔ་སྐྱས་སྤོས་སྦྲ་གུར་ནང་སྡོད་སྐབས་ཁོན་ཐར་བྱམས་ཀྱི་ནང་མི་སྡོད་སའི་སྦྲ་གུར་རྩྭ་ཐང་དེའི་ཐོག་གནས་པ་དང་མཚོ་སྔོན་པོ་དང་བར་ཐག་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ལས་མེད།མཚོ་སྔོན་པོའི་ཉེ་འཁོར་གྱི་སྣོད་བཅུད་ཁོར་ཡུག་ཇེ་སྡུག་ཏུ་ཕྱིན་པ་དང་འབྲོག་པ་ཚོས་ཚད་ལས་བརྒལ་བའི་ངང་ཕྱུགས་འཚོས་པ་དང་ནོར་ལུག་མང་པོས་རྩྭ་བཟས་པའི་དབང་གིས་མཚོ་སྔོན་པོའི་ཉེ་འཁོར་གྱི་འདམ་རའི་རྒྱ་ཁྱོན་ཆུང་དུ་ཕྱིན་པ་དང་རྩྭ་རའི་ཐེག་ནུས་ཆུང་དུ་ཕྱིན་པ་མ་ཟད།རྩྭ་རའི་སྔོ་ཁེབས་ཞན་འགྱུར་བྱེད་ཚད་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་སྟབས་སྲོལ་རྒྱུན་གྱི་བག་ཕེབས་འཚོ་བ་མུ་མཐུད་སྐྱེལ་ཐབས་མེད་པར་གྱུར་ཡོད།

    དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་མཚོ་སྔོན་པོའི་ས་ཁོངས་ཀྱི་རྩྭ་རའི་སྣོད་བཅུད་སྲུང་སྐྱོང་སྲིད་ཇུས་རིམ་གྱིས་ལག་ལེན་བསྟར་ནས“སྡོད་ཁང་གཞིས་ཆགས་དང་།རྩྭ་རར་ར་སྐོར།ནོར་ལུག་ཕྱུགས་ཚང་ནང་འཚོ་བ།མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ”བཅས་གཙོ་བོར་བྱས་པའི“ལེ་ལག་བཞི་ཚང་བའི”འཛུགས་སྐྲུན་ས་གནས་ཁག་ཏུ་སྔ་རྗེས་སུ་སྤེལ་ཡོད།2009ལོར་མཚོ་སྔོན་ཞིང་ཆེན་གྱིས་སླར་ཡང་འབྲོག་ཁུལ་གྱི་འབྲོག་པའི་གཞིས་ཆགས་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་ཡོད།སྐྱས་སྤོས་འབྲོག་པའི་གཞིས་ཆགས་ལས་གྲྭ་ལག་ལེན་བསྟར་བ་བརྒྱུད་རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་ཕན་པ་མ་ཟད།ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལེགས་སུ་འགྲོ་རྒྱུར་དེ་བས་ཕན་པ་ཐོབ་ཡོད་པ་རེད།

    གནས་ཚུལ་དེ་འདྲའི་འོག་ཁོན་ཐར་བྱམས་དང་དེ་ཁུལ་གྱི་འབྲོག་དུད་9སྦྲ་གུར་ལས་བྲལ་ཏེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཀྲོའུ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་རྒྱ་ཡེ་གྲོང་ཚོར་གནས་པའི་ནུས་རྒྱུ་གྲོན་ཆུང་གི་སྡོད་ཁང་གསར་པའི་ནང་སྤོས་ཡོད།

    ཉི་ནུས་ཐོན་ཁུངས་བེད་སྤྱོད་བྱེད་པ།

    རྒྱ་ཡེ་གྲོང་ཚོ་ནི་མི་སྣ་གཅིག་སྡུད་མང་བའི་ཤང་གྲོང་གཞན་དག་དང་མི་འདྲ་བར་དེའི་ཉེ་འཁོར་དུ་ཁྱབ་རྒྱ་ཆེ་བའི་གློག་དྲ་མེད།འོ་ན་ཁོན་ཐར་བྱམས་དང་འབྲོག་དུད་གཞན་དག་ཚོའི་འཚོ་བའི་ཐད་ཀྱི་གློག་སྤྱོད་གནད་དོན་ཇི་ལྟར་ཐག་གཅོད་བྱེད་དགོས་སམ།

    དོན་དངོས་ཐོག་མཚོ་སྔོན་ས་ཁུལ་གྱིས་ཉི་ནུས་སྤྱོད་རྒྱུ་སྔར་ནས་བཟུང་མཚམས་འཇོག་མྱོང་མེད་ཅིང་།ཤར་རྒྱུད་ཞིང་ལས་ཁུལ་དུ་དྲོད་ཁང་ཆེ་མོ་བསྐྲུན་པ་ནས་ཉི་འོད་ནུས་པའི་དྲོད་ལེན་ཁང་པ་སྐྲུན་པའི་བར་ཚང་མར་ཉི་ནུས་ཐོན་ཁུངས་གང་ལེགས་སྤྱད་ཡོད།དུས་རབས་གོང་མའི་ལོ་རབས་90པར་དུད་ཚང་གིས་ཉི་ནུས་གློག་གཏོང་སྒྲིག་ཆས་སྤྱོད་རྒྱུ་སྐབས་ཤིག་རིང་འབྲོག་ཁུལ་དུ་དར་ཁྱབ་ཆེན་པོ་བྱུང་ཡོད།ད་ཆ་འབྲོག་པའི་གཞིས་ཆགས་སྡོད་ཁང་སྐྲུན་སྐབས་ཉི་ནུས་བེད་སྤྱོད་བྱེད་བཞིན་ཡོད།ཉི་ནུས་འོད་ཤུགས་གློག་གཏོང་ལག་རྩལ་ཉིན་རེ་བཞིན་མཐོ་རུ་ཕྱིན་པ་དང་བསྟུན་ནས་ཉི་ནུས་ཐོན་ཁུངས་བེད་སྤྱོད་ཁྱབ་ཁོངས་དང་བེད་སྤྱོད་བྱེད་ཁྱོན་སྔར་ན་མེད་པར་རྒྱ་ཆེ་རུ་ཕྱིན་ཡོད་པ་རེད།

    རྒྱ་ཡེ་གྲོང་ཚོའི་ནུས་རྒྱུ་གྲོན་ཆུང་སྡོད་ཁང་འཛུགས་སྐྲུན་བྱེད་པའི་ཐད་སྤྱིའི་ཆ་ནས་ཉི་ནུས་གང་ལེགས་སྤྱོད་རྒྱུ་གཙོ་བོར་བཟུང་ཡོད།རྒྱ་ཡེ་གྲོང་ཚོ་མཚོ་སྔོན་པོའི་འགྲམ་དུ་གནས་པའི་དབང་གིས་དེ་ཁུལ་ནི་རི་བོ་ཉི་ཟླ་ནས་མཚོ་སྔོན་པོའི་བར་གྱི་རླུང་ནུས་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པས་རླུང་ཤུགས་དང་འོད་ཤུགས་ཕན་ཚུན་གསབ་རེས་བྱེད་པ་ནི་རྒྱ་ཡེ་གྲོང་ཚོའི་ནུས་རྒྱུ་གྲོང་ཆུང་གི་སྡོད་ཁང་འཛུགས་སྐྲུན་བྱེད་པའི་ཁྱད་ཆོས་ཆེ་ཤོས་དེ་རེད།

    “རླུང་དང་འོད”གཉིས་ཀྱི་ནུས་གྲོན་ཆུང་བའི་ཁང་པ་བསྐྲུན་པ།

    “ད་ལྟ་ང་ཚོའི་ཁྱིམ་ནི་ཕྱོགས་བསྡུས་ཐོག་ཉི་ནུས་སྤྱོད་མཁན་ཞིག་རེད”ཅེས་ཁོན་ཐར་བྱམས་ཀྱིས་བཤད།

    ནུས་རྒྱུ་གྲོན་ཆུང་ཁང་པ་10ཡོད་པའི་སྒོ་ར་དེའི་ནང་འོད་ཤུགས་གློག་གཏོང་སྒྲིག་ཆས་དེ་དག་སྤྱི་པའི་མ་ལག་ཡིན་པ་ཕུད་རླུང་ཤུགས་གློག་གཏོང་སྒྲིག་ཆས་དེ་དག་ཀྱང་སྤྱི་པའི་མ་ལག་ཆ་ཚང་ཞིག་རེད།མཚོ་སྔོན་པོའི་ཁུལ་དུ་རླུང་ཤུགས་ཆེ་བའི་ཁྱད་ཆོས་སྤྱད་དེ་སྒོ་རའི་ནང་རླུང་ཤུགས་གློག་གཏོང་འཕྲུལ་ཆས་ཆ་ཚང་ཞིག་བསྒར་ཡོད།དྲོད་ལེན་དུས་ཚིགས་སུ་སླེབས་རྗེས་རླུང་ཤུགས་གློག་གཏོང་འཕྲུལ་ཆས་དེ་སྔ་ས་ནས་ཉལ་ཁང་གི་གྱང་ནང་བཅུག་པའི་དྲོད་སྐྱེད་གློག་སྐུད་དང་ཕན་ཚུན་སྦྲེལ་མཐུད་ཐུབ་སྟེ་སྐྲུན་དངོས་ཀྱི་མཛེས་ཉམས་དང་གྲུབ་ཆར་ཤུགས་རྐྱེན་མི་ཐེབས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཉལ་ཁང་གི་དྲོད་སྐྱེད་ཕན་ནུས་ཆེ་རུ་འགྲོ་གི་ཡོད།

    སྤྱི་ཡོངས་ནས་བལྟས་ཚེ་མཚོ་སྔོན་པོའི་འགྲམ་དུ་གནས་པའི་ནུས་རྒྱུ་གྲོན་ཆུང་ཁང་པ་10དེ་དག་སྐྲུན་པའི་བརྒྱུད་རིམ་ནང་དྲོད་སྡུད་དང་།དྲོད་སྲུང་།དྲོད་གསོག་བཅས་ཀྱི་ལག་རྩལ་བེད་སྤྱད་ཡོད།ལག་རྩལ་གསུམ་པོ་དེ་དག་ཕྱོགས་བསྡུས་ཐོག་སྤྱད་པ་བརྒྱུད་ནུས་རྒྱུ་གྲོན་ཆུང་ཁང་པ་དྲོ་སོབ་སོབ་དུ་གྱུར་ཡོད།

    རྒྱ་ཡེ་གྲོང་ཚོའི་ནུས་རྒྱུ་གྲོན་ཆུང་ཁང་པ་10དེ་དག་ལ་ཕྱོགས་བསྡུས་ཐོག་དྲོད་སྡུད་དང་།དྲོད་སྲུང་།དྲོད་གསོག་བཅས་ཀྱི་ལག་རྩལ་སྤྱད་པ་བརྒྱུད་ཡུལ་དེ་གའི་འབྲོག་པའི་སྡོད་གནས་ཆ་རྐྱེན་རྦད་དེ་འགྱུར་ལྡོག་ཕྱིན་ཡོད།ད་ཆ་རྒྱ་ཡེ་གྲོང་ཚོ་དེ་ཉིད་མཚོ་སྔོན་ཞིང་ཆེན་གྱི་སྐྱས་སྤོས་འབྲོག་པའི་གཞིས་ཆགས་ལས་གྲྭའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།