ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་19ཉིན་གློག་འཕྲིན་འབྱོར་གསལ།2014ལོར་རིམ་རྩིས་ལྟར་ན་བོད་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་1553ལ་སྣེ་ལེན་ཞུས་པ་དང་ལོ་འཁོར་མོར་ཡུལ་སྐོར་གྱི་ཡོང་འབབ་ཁྱོན་བསྡོམས་སྒོར་དུང་ཕྱུར་200ལས་ཐོག་མར་བརྒལ་ནས་སྒོར་དུང་ཕྱུར་204ཟིན་པ་དེ་ལོ་གོང་མ་ལས་20%དང་23%སོ་སོར་འཕར་ཡོད་པ་དེ་ནི་གསར་འགོད་པར་འཚོག་བཞིན་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
ན་ནིང་ཟླ་9པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་རིག་གནས་པུའུ་དང་རྒྱལ་ཁབ་ཡུལ་སྐོར་ཅུས་དང་མཉམ་འབྲེལ་ཐོག་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་དང་པོ་དེ་གཉེར་ནས་ཕྱི་ཕྱོགས་སུ་བོད་ལྗོངས་ཡུལ་སྐོར་གྱི་རིག་གནས་ཐོན་ཁུངས་འོས་སྦྱོར་ཧུར་ཐག་བྱས་པ་དང་ར་ས་འཕྲུལ་སྣང་གཙུག་ལག་ཁང་རྒྱལ་ཁབ་ཀྱི་A5རིམ་པའི་མཛེས་ལྗོངས་ཁུལ་དུ་བདམས་ནས་བོད་དུ་ཕོ་བྲང་པོ་ཏ་ལའི་རྗེས་ཀྱི་རྒྱལ་ཁབ་ཀྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཉིས་པ་དེར་གྱུར་ཡོད།
ཡུལ་སྐོར་བ་ཚོས་གངས་ལྗོངས་ས་མཐོའི་མཛེས་ལྗོངས་དང་བོད་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་ཐུབ་ཆེད།བོད་ལྗོངས་ཡུལ་སྐོར་སྡེ་ཚན་གྱིས་ན་ནིང“གནས་མཆོག་ལྷ་ས·བདེ་སྐྱིད་མཉམ་སྤྱོད”དང་།“ངོ་མཚར་ཆེ་བའི་ཇོ་རི·ཡིད་དབང་འཕྲོག་པའི་གཞིས་རྩེ”“སྙན་ངག་གྱེར་འདོན་གྱིས་ཡར་ཀླུང་ཕྱོགས་ནས་ཕུགས་འདུན་འཚོལ” “མཛེས་སྡུག་ལྡན་པའི་ཉིང་ཁྲི·སྒེར་འཁོར་བཏང་ནས་མེ་ཏོག་ཏུ་སྐྱོད”“མཁའ་དབྱིངས་ཀྱི་བོད་ལྗོངས·རྨི་ལམ་ལྟ་བུའི་མངའ་རིས”སོགས་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་ཆེ་གྲས་བདུན་ཆེད་མངགས་འོས་སྦྱོར་བྱས་ཡོད།
ན་ནིང་བོད་ཀྱི་ལོ་གསར་རིང་ཡུལ་སྐོར་བ་ཚོས་བོད་ཀྱི་རིག་གནས་ཉམས་སུ་མྱོང་ཆེད་བོད་ཀྱི་ཡུལ་སྐོར་ལས་དོན་ཁང་ཁག་གིས་བོད་ཀྱི་ལོ་གསར་གྱི་ཡུལ་སྐོར་ལམ་ཐིག་ཁྱབ་གདལ་བཏང་ནས་བོད་རིགས་ཀྱི་ཁྱིམ་དུ་འཚམས་འདྲི་ཞུ་བ་དང་།“དགུ་ཐུག”དང་བོད་ཀྱི་ལོ་གསར་གྱི་ཟས་མཆོག་བྲོ་བ་མྱོང་བ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་དབྱར་ཁ་དང་སྟོན་ཁར་བོད་ཀྱི་ཞོ་སྟོན་དང་།རྟ་རྒྱུག་དུས་ཆེན།བོད་ལྗོངས་འགྲེམས་ཚོགས་སོགས་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཡུལ་སྐོར་བ་མང་དག་ཅིག་བོད་དུ་ཡུལ་སྐོར་ལ་ཡོང་རྒྱུའི་ཡིད་དབང་བཀུག་པས་བོད་ཀྱི་ཡུལ་སྐོར་ཁྲོམ་རའི་ཡོང་འབབ་ཆེས་ཆེར་འཕར་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད།