དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་དུས་མིན་ཀྭ་རིགས་དང་ཤིང་འབྲས་ཁྲོམ་རར་འདོན་གྲབས་ཡོད་པ།

    དྲོད་ཁང་ནང་ཤིང་འབྲས་བཏབ་ནས་དགུན་དུས་སུ་ཡོང་འབབ་འཕར་ཐབས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-23

    ཟླ་11པར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་དྲོད་ཚད་རྒྱུན་མཐུད་ཆག་མོད། འོན་ཀྱང་མལ་གྲོ་གུང་དཀར་རྫོང་གི་དེང་རབས་ཞིང་ལས་དཔེ་སྟོན་གླིང་གི་རིག་ནུས་དྲོད་ཁང་གི་སྒོ་ཕྱེ་སྐབས་ཤིང་འབྲས་ཀྱི་དྲི་ཞིམ་དང་བསྟུན་ནས་ཚ་སོབ་སོབ་ཀྱི་རྣམ་པ་ཞིག་མངོན། སྔོ་ཐིང་ཐིང་གི་ཀྭ་རིགས་སྡོང་པོ་རིམ་པ་སྟར་ཆགས་སུ་གནས་པའི་ཁྲོད་རྡོག་པོ་ཆེ་བའི་ཧ་སྨི་ཀྭ་དང་དེ་བཞིན་པོ་དབྱང་ཨང་9པའི་ཀྭ་མངར་སྐྱེ་འཚར་བཟང་བ་དང་། སྡོང་པོའི་སྟེང་ཟེ་མེད་འབྲས་བུ་དང་ཤིས་ཀྭ་སོགས་རབ་ཏུ་བཏགས་ནས་འབྲས་བུ་ཆེ་ལ་སྐྱེ་ཚུལ་ཤིན་ཏུ་ལེགས།

    ས་མཐོར་དགུན་དུས་ལོ་ལེཌ་ཀྱི་དུས་ཚིཌ་ཤར་ཡོད།

    མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་དཔེ་སྟོན་གླིང་དེ་ཉིད་རྒྱལ་ལམ་318ཀྱི་རྒྱུད་དུ་གནས་པ་དང་རྫོང་གྲོང་དང་བར་ཐག་སྤྱི་ལེ་5ཙམ་ཡོད། གླིང་ཁུལ་དེ་2017ལོར་སྐྲུན་འགོ་ཚུགས་པ་དང་། དུས་ཐེངས་གཉིས་ལ་དབྱེ་ནས་སྐུལ་འདེད་བརྟན་པོ་བཏང་བ་དེའི་སྤྱིའི་འཆར་འགོད་རྒྱ་ཁྱོན་མུའུ་2000ཟིན་པ་དང་ད་ཆ་མུའུ་658.58བསྐྲུན་ཟིན་པ་དེར་ཚད་ལྡན་ཅན་གྱི་དྲོད་ཁང་ཆེན་མོ་141ཡོད་པ་རེད།

    དེ་སྔ་ས་བབ་མཐོ་བའི་གནམ་གཤིས་ཀྱི་ཤུགས་རྐྱེན་འོག་མལ་གྲོ་གུང་དཀར་རྫོང་དུ་དགུན་དུས་ས་གནས་དེ་གའི་ཤིང་འབྲས་དང་སྔོ་ཚལ་ཐོན་ཚད་ཉུང་ལ་སྣ་ཁ་རྐྱང་པ་ཡིན་པས་མང་ཚོགས་ཀྱིས་སྤྱོད་པའི་ཤིང་འབྲས་སོས་པ་མང་ཆེ་བ་ས་ཆ་གཞན་ནས་ཉོ་དགོས་སྟབས་རིན་གོང་མཐོ་བའི་ཁར་མཁོ་སྤྲོད་ཀྱང་བརྟན་པོ་མེད།

    དགུན་དུས་ས་གནས་དེ་གར་ཤིང་འབྲས་དང་སྔོ་ཚལ་མཁོ་སྤྲོད་བརྟན་པོ་ཡོང་ཆེད། མལ་གྲོ་གུང་དཀར་རྫོང་གིས་བེད་མེད་ས་ཆའི་ཐོན་ཁུངས་ཡག་པོ་སྤྱད་དེ་དུས་ཐེངས་གཉིས་པའི“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་རྣམ་གྲངས་ལ་བརྟེན་ནས་གླིང་ཁུལ་གྱི་དྲོད་ཚད་ལ་ཚོད་འཛིན་དང་། ཆུ་འདྲེན་སོགས་རིག་ལྡན་ཞིང་ལས་སྒྲིག་བཀོད་ཕྱོགས་ཡོངས་ནས་རིམ་སྤོར། འདེབས་ཁྱོན་རྒྱུན་ཆད་མེད་པར་ཆེར་གཏོང་བཅས་བྱས་པས་སྔོ་ཚལ་དང་ཤིང་འབྲས་ཀྱི་འདེབས་ཁྱོན་དེ་གོང་ལས་ལྡབ་གཉིས་ལྷག་ཙམ་འཕར་ནས་ས་མཐོར་དགུན་དུས་ཤིང་འབྲས་དང་སྔོ་ཚལ་ཕྱི་ཕྱོགས་ནས་ཉོ་དགོས་པའི་རྣམ་པར་རིམ་བཞིན་འགྱུར་ལྡོག་བྱུང་ཡོད།

    གླིང་ཁུལ་གྱི་ལག་རྩལ་འགན་འཁུར་བ་མོང་ཏེ་ལིས་གསར་འགོད་པར“མིག་སྔར། ང་ཚོའི་གླིང་ཁུལ་དུ་སྤུས་ལེགས་ཀྭ་རིགས་དང་སྔོ་ཚལ་སྣ་ཁ་30ལྷག་ཙམ་བཏབ་ཡོད། དྲོད་ཁང་དེར་གཙོ་བོ་ཧ་སྨི་ཀྭ་དང་དེ་བཞིན་པོ་དབྱང་ཨང་9པའི་ཀྭ་མངར་འདེབས་ཀྱི་ཡོད། སྣ་ཁ་དེ་དག་ཧྲན་ཏུང་ཧྲོའུ་ཀོང་ནས་ནང་འདྲེན་བྱས་པ་དང་ཚང་མ་ཁྲོམ་རར་བྲིན་ཁ་རྒྱུག་པའི་སྤུས་ལེགས་སྣ་ཁ་ཤ་སྟག་རེད། ཀྭ་རིགས་དེ་དག་མངར་བ་དང་། བྲོ་བ་ཞིམ་པ། ས་གནས་དེ་གའི་གྲོང་མིའི་བྲོ་བ་དང་འཚམ་པས་ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། གླིང་ཁུལ་གྱི་དྲོད་ཁང་རྐྱང་པའི་ཀྭ་རིགས་དང་ཤིང་འབྲས་ཀྱི་ཐོན་ཚད་རྒྱ་མ་4000ལྷག་ཙམ་ཟིན་པ་དང་། སྔོན་དཔག་བྱས་ན་ཟླ་11པའི་ཟླ་མཇུག་ཏུ་ཡོངས་སུ་སྨིན་ནས་ཁྲོམ་རར་བཏོན་ཏེ་མལ་གྲོ་གུང་དཀར་རྫོང་དང་ཐ་ན་ལྷ་སའི་གྲོང་མིས་རང་ཁྱིམ་གྱི་སྒོ་འགྲམ་ནས་ས་གནས་དེ་གར་བཏབ་པའི་ཤིང་འབྲས་སོས་པ་ཟ་ཐུབ་རྒྱུ་རེད། ཧ་སྨི་ཀྭ་དང་ཀྭ་མངར་ཕུད། གླིང་ཁུལ་གྱིས་ད་དུང་ཟེ་མེད་འབྲས་བུ་དང་། ཁམ་སེར། ལན་མེ། པའེ་ཤང་ཀོ་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཤིང་འབྲས་དང་སྔོ་ཚལ་རིགས་ཚོད་འདེབས་བྱས་ནས་ས་བབ་མཐོ་ཁུལ་གྱི་དགུན་དུས་ཁྱད་ལྡན་ཤིང་འབྲས་འདེབས་འཛུགས་ཀྱི་སྟོང་ཆ་བསྐངས་ཡོད།

    མིག་སྔར། མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་དཔེ་སྟོན་གླིང་གིས་ཤིང་འབྲས་དང་སྔོ་ཚལ་སྣ་ཁ་36བཏབ་ནས་2026ལོའི་ལོ་སྟོད་དུ་ཤིང་འབྲས་དང་སྔོ་ཚལ་ཐོན་ཚད་ཏུན་650ཟིན་ཡོད།

    ཐོན་ལས་དར་རྒྱས་བྱུང་བ་དང་དུས་མཚུངས་དམངས་ཕན་གྱི་ཕན་འབྲས་རྒྱུན་མཐུད་མངོན་བཞིན་ཡོད། རིམ་རྩིས་བརྒྱབ་ན་གླིང་ཁུལ་གྱིས་མི་41ལས་ཞུགས་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་པ་དང་། ས་ཞིང་བརྒྱུད་བཤུག་གི་མ་དངུལ་སྒོར་ཁྲི་822.7སྤྲད་པ། ངལ་ནུས་ཀྱི་གླ་ཆ་སྒོར་ཁྲི་636.25སྤྲད་པ། ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་75ཡི་མི་337ལ་ཐོན་ལས་ཀྱི་ཁེ་སྤོགས་སྒོར་ཁྲི་16.9སྤྲད་པ་དང་ཆབས་ཅིག་ཞིང་དུད་ལ་གཅིག་གྱུར་ཐོག་ཞིང་ལས་ཐོན་རྫས་ཚབ་འཚོང་བྱེད་རོགས་བྱས་པ་དང་། ལོ་གཉིས་ནང་རིམ་རྩིས་བརྒྱབ་ན་ས་གནས་དེ་གར་སྔོ་ཚལ་ཏུན་286ཕྱིར་ཚོང་བྱེད་རོགས་བྱས་པས། མང་ཚོགས་ཀྱི་ཤིང་འབྲས་དང་སྔོ་ཚལ་འཚོང་དཀའ་བ་དང་འཕྲོ་བརླག་འགྲོ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།