དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • གནམ་ཆུ་སྒུག་པ་ནས་ཚན་རྩལ་ལ་བརྟེན་ཏེ་འབབ་འཕར་གཏོད་པའི་བར།

    —— ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གིས་ཉུང་མར་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-15

    དུས་ཡུན་རིང་པོའི་ནང་། ཉུང་མ་ནི་བོད་ཤར་རྒྱུད་ཀྱི་ས་མཐོའི་ཞིང་ལས་སྐྱེ་དངོས་དཀྱུས་མ་ཞིག་རེད། ཉུང་མར་ས་བབ་མཐོ་སར་སྐྱེ་ཐུབ་པ་དང་། གྲང་ངར་བཟོད་ཐུབ་པ། ས་རྒྱུ་ཞན་སར་སྐྱེ་འཚར་ཐུབ་པ། གསོན་ཚད་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་མོད། འོན་ཀྱང་སྔོན་མ་མི་སེར་ཚོས་ཉུང་མ་བཏབ་རྗེས་གནམ་ཆུ་སྒུག་དགོས་པས་ཉུང་མའི་རྡོག་ཆུང་ལ་ཐོན་འབབ་མང་པོ་མེད།

    ས་མཐོའི་ཐོན་རྫས་རྙིང་པར་གསོན་ཤུགས་གསར་པ་རྒྱས་པར་བྱས་ཏེ་ཞིང་ཁའི་ཕན་འབྲས་དངོས་ཇི་ལྟར་ཐོན་པ་བྱེད་དགོས་སམ། ད་ལོའི་ཟླ་5པར། རི་བོ་ཆེ་རྫོང་གིས་ས་བབ་མཐོ་ཞིང་གནམ་གཤིས་གྲང་ངར་ཆེ་བའི་ཁྱད་ཆོས་ལ་གཞིགས་ཏེ། ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་ཚད་བརྒལ་བྱེད་སར་བྱས་ཐོག་ས་གནས་དེ་གའི་ཉུང་སོན་བདམས་ནས། ལྗིག་སྟོད་ཤང་ཆུ་དཀར་ལ་ཞིང་ལས་ཐོན་རྫས་ལས་སྣོན་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་མུའུ་22ཀྱི་སར་ཉུང་མ་ཚོད་འདེབས་བྱས་ཤིང་། དེ་སྔོན་གྱི“གནམ་ཆུ་སྒུག་པ་དང་རགས་ལས་ཀྱི་འདེབས་གསོ”བྱེད་སྟངས་ལ་འགྱུར་ལྡོག་བཏང་སྟེ། དཔྱིད་ཀ་ས་ཞིང་རྨོ་བ་དང་སོན་བཟང་འདེམས་པ་ནས་ཞིང་ནང་གཡོག་བྱེད་དང་ནད་དང་གནོད་འབུ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུས་ཀྱི་ཞིང་ལས་ལག་རྩལ་མི་སྣ་དཀོན་མཆོག་ཚེ་རྒྱལ་གྱིས་ཞིང་ནང་དུ་གནད་སྨིན་མཛུབ་ཁྲིད་དང་གཡོག་བྱེད་ཞིབ་ཚགས་བྱེད་རོགས་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་འདེབས་འཛུགས་ལག་རྩལ་ས་མཐོར་ཁྱབ་གདལ་བཏང་བ་རེད།

    སྟོན་ཁ་ཐོན་འབབ་ལ་ཚོད་རྩིས་དང་ཞིབ་བཤེར་རྩིས་ལེན་བྱེད་པ་ནི་ལོ་ཕྱེད་རིང་འབད་བརྩོན་བྱས་པར་གྲུབ་འབྲས་ཅི་ཙམ་ཐོབ་མིན་ལ་ཞིབ་བཤེར་བྱེད་པ་ཞིག་རེད། ཟླ་10ཚེས་12ཉིན་གྱི་སྔ་དྲོ་སྨུག་པ་རིམ་བཞིན་ཡལ་སྐབས། ཞིང་ལས་ལག་རྩལ་པས་ཁྲེ་ཙེ་དང་། རྒྱ་མ། ཐོ་འགོད་རྩིས་དེབ་སོགས་ཆ་ཚང་ཁྱེར་ནས་ཞིང་ནང་དུ་ཡོང་ཞིང་། ཚད་ལྡན་ཅན་གྱི་ཐོན་འབབ་ཚོད་རྩིས་རྒྱག་ཐབས་གཞིར་བཟུང་། ཚང་མས་ཚད་འཇལ་བ་དང་སྐབས་བསྟུན་འདེམས་པ། བསྔོགས་པ། འགྱིག་ཤོག་ནང་བླུགས་ནས་རྒྱ་མ་འགྱོག་པ་སོགས་གཞི་གྲངས་ལ་ཞིབ་དཔྱད་ཡང་ཡང་བྱས།

    “ཐོན་འབབ་ལ་ཚོད་རྩིས་བྱེད་སྐབས་ཧ་ལམ་དང་ཕལ་ཆེར་ཞེས་བརྗོད་ན་འགྲིག་གི་མ་རེད”ཅེས་དཀོན་མཆོག་ཚེ་རྒྱལ་གྱིས་ཞིབ་བཤེར་དང་ཐོ་འགོད་ཀྱིན་ནན་གྱིས་བཤད་པ་དང་། ཁོང་གིས། “གཞི་གྲངས་ཚང་མ་འཁྲུལ་མེད་ཁུངས་འདེད་ཐུབ་པ་ཞིག་དགོས། གང་ཡིན་ཟེར་ན། དེས་ད་ལོའི་ཚོད་འདེབས་ཀྱི་ཕན་འབྲས་ལ་ཞིབ་བཤེར་བྱེད་པ་མ་ཟད། དུས་སང་གཞི་ཁྱོན་ཆེན་པོས་ཁྱབ་གདལ་གཏོང་དགོས་མིན་དང་མི་སེར་ལ་འབབ་འཕར་དངོས་འབྲེལ་ཡོང་མིན་ལ་ཐད་ཀར་འབྲེལ་བ་ཡོད”ཅེས་བཤད།

    མིག་མཐོང་ལག་འཛིན་གྱི་ཚད་ལེན་གཞི་གྲངས་ལས་ས་གནས་དེ་གའི་སྲོལ་རྒྱུན་གྱི་ཉུང་མ་འདེབས་པའི་ཐོན་འབབ་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། “སོན་བཟང་ལེགས་འདེམས་དང་ཚད་ལྡན་འདེབས་འཛུགས་བྱས་པ་བརྒྱུད། བྲོ་བ་དེ་བས་ཞིམ་ལ་མངར་བ་དང་། ཁ་དོག་དེ་བས་ལེགས་པ། གྲང་འགོག་ནད་འགོག་གི་ནུས་པ་དེ་བས་ཆེ་བ་བཅས་བྱུང་ནས‘ས་མཐོའི་ཉུང་མར་རིན་ཐང་མེད་པའི’བག་ཆགས་ལ་འགྱུར་ལྡོག་ནུས་ལྡན་གཏོང་ཐུབ་ཡོད”ཅེས་ལྗིག་སྟོད་ཤང་མགུ་རབ་མདོ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་དར་རྒྱས་ཀྱིས་བཤད།

    ཞིང་ནང་གི་གཡུར་ཟའི་འབྲས་བཟང་མཐོང་རྗེས། ཆུ་དཀར་ལ་ཞིང་ལས་ཐོན་རྫས་ལས་སྣོན་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་འཆི་མེད་ཚེ་དབང་གིས་དགའ་སྣང་ཆེན་པོ་བྱེད་པ་དང་། ཁོང་གིས་ལྗིད་ཏིག་ཏིག་གི་ཉུང་མ་བཟུང་སྟེ་ཡང་ནས་བསྐྱར་དུ་ཞིབ་པར་ལྟ་གིན་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར། “ད་ལོ་ལག་རྩལ་པས་རྟག་ཏུ་ཁྱིམ་དུ་ཡོང་ནས་མཛུབ་ཁྲིད་བྱེད་པ་དང་། ཚང་མར་ཚན་རིག་དང་མཐུན་པའི་གཡོག་བྱེད་བྱེད་སྟངས་ཞིབ་ཚགས་བསླབས་སོང་། ད་ལོའི་ས་ཞིང་མུའུ་གཅིག་གི་ཐོན་འབབ་དང་དེ་སྔའི་མུའུ་ཁ་ཤས་ཀྱི་ཐོན་འབབ་མཚུངས་ཀྱི་ཡོད། ཉུང་མ་ཡག་པོ་དེ་འདྲ་མཐོང་སྐབས་བློ་བདེ་པོ་བྱུང་། ད་ལོ་ཡོང་འབབ་མང་པོ་ཡོང་ངེས་རེད”ཅེས་འཆི་མེད་ཚེ་དབང་གིས་བཤད།

    གཡུར་ཟའི་འབྲས་བཟང་ནི་ལོ་ལེགས་བྱུང་བ་ཁོ་ན་མིན་པར་དེ་བས་ལག་རྩལ་ཁྱབ་གདལ་བཏང་ནས་ཕུགས་ལ་མཐུན་རྐྱེན་སྦྱར་བ་དེ་ཡིན་། ཐོན་འབབ་ལ་ཚོད་རྩིས་རྒྱག་པའི་ལས་ཀའི་བར་གསེང་དུ་ཞིང་ནང་དང་མུ་ཁ་ནི་སྐོར་སྐྱོད་ཀྱི་སློབ་ཁང་ལྟ་བུར་གྱུར་ཡོད། ཞིང་ལས་ལག་རྩལ་མི་སྣས་ཞིང་ནང་དུ་གོ་བདེ་ཤེས་སླའི་སྐད་ཆ་ནས་ས་ཡུལ་དངོས་སུ་ཉུང་མ་འདེབས་སྟངས་དང་བསྡུ་སྟངས་དང་། སྟོན་ཁ་དང་དགུན་ཁར་འཁྱགས་པ་མི་ཐེབས་པའི་གཡོག་བྱེད་བྱེད་སྟངས། མཛོད་ཁང་དུ་སོས་ཉར་བྱེད་ཐབས་བཅས་འགྲེལ་བཤད་ཞིབ་པར་བརྒྱབ་པ་དང་སྦྲགས། ཞིང་དུད་ལ་སྤྱོད་གོ་ཆོད་པའི་ལག་རྩལ་བསླབས་ནས་ལོ་ལེགས་ཀྱི་འབྲས་བཟང་འཕྲོ་བརླག་མི་འགྲོ་བ་བྱས་པ་རེད།

    “རིན་ཐང་དམའ་བའི་གཟན་ཆག”ནས“ཐོན་ལེགས་ཟོག་བཟང”བར་དང་། “གནམ་བརྟེན་ལྷན་སྐྱེས”ནས“རྩལ་བརྟེན་འབབ་འཕར”བར། ཉུང་མ་མུའུ་རེ་རེའི་ཐོན་འབབ་ལ་འགྱུར་ལྡོག་བྱུང་བ་དེས་ས་མཐོའི་ཞིང་ནང་དུ་ལོ་ལེགས་བྱུང་བ་མཚོན་པ་མ་ཟད། རི་བོ་ཆེའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་སྐྱེད་སྲིང་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོ་སྤོས་པར་དཔང་པོ་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།