དབུ་ཤོག>ཞིང་འབྲོག་གསར་པ།
  • སྡོང་ཕྲུག་ར་བ་དང་སྔོ་ཚལ་དྲོད་ཁང་གཉེར་བས་ཐོན་ལས་དར་ཞིང་རྒྱས་པ།

    —— མངའ་རིས་ས་ཁུལ་སྒར་རྫོང་གིས་མཐའ་དར་དམངས་ཕྱུག་གི་ལས་དོན་ཡག་པོ་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-07

    འདི་ནི་སྒར་རྫོང་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་དུ་ས་མེད་འདེབས་ལས་ཀྱི་སྔོ་ཚལ་སྐྱེ་འཚར་མི་རྣམས་དགའ་འོས་པ་ཞིག་ཡོད་པ།

    བོད་ནུབ་རྒྱུད་ཀྱི་ས་མཐོར་གནས་པའི་མངའ་རིས་ས་ཁུལ་སྒར་རྫོང་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་སྐྱོང་བྱེད་པའི་སྒོ་མོ་གལ་ཆེན་ཞིག་རེད། སྒར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་སྐྱེ་ཁམས་ཉམས་ཞན་དང་ཐོན་ཁུངས་ཁ་ཐོར་ཡིན་པའི་གནས་ཚུལ་ལ་གཞི་ཚུགས་ཏེ། “མཐའ་དར་དམངས་ཕྱུག་དང་མཐའ་བརྟན་མཐའ་སྲུང”དེ་ཐོག་མཐའ་བར་གསུམ་དུ་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པ་དང་། རྫོང་ཁོངས་དཔལ་འབྱོར་ཆུང་ཡང་སྤུས་ཀ་ལེགས་པ་དང་དམིགས་བསལ་ཡིན་ལ་ལེགས་ཆ་ཡང་ཡོད་པའི་འཕེལ་རྒྱས་ཀྱི་གཏན་ཚིགས་ལ་བརྟེན་ནས་གཞི་ཁྱོན་ལ་མི་རྔམ་པར་ཁྱད་ཆོས་དོན་གཉེར་དང་སྐྱེ་ཁམས་ལ་མཐོང་ཆེན་གྱིས་ཕུགས་ལ་བསམ་བློ་བཏང་སྟེ། ཚད་ཡོད་ཀྱི་ཐོན་ཁུངས་གནད་སྨིན་ངང་ས་གནས་དེ་གའི་ཐོན་ལས་དང་འཚམ་པ་དང་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་པའི་མཉམ་སྡེབ་གཉེར་སྐྱོང་ཁྲོད་ཁྱབ་པར་བྱས་པ་དང་ཆབས་ཅིག “ཐོན་ལས་ལ་བརྟེན་ནས་མཐའ་དར་དམངས་ཕྱུག”ཡོང་བའི་ལམ་བུ་ཞིག་བཏོད་ཡོད།

    སྡོང་ཕྲུག་ར་བ་ཆུང་ངུས“སྔོ་ལྗང་ལ་བརྟེན་ ནས་མཐའ་མཚམས་མཛེས་པར”བྱས་པ།

    སྔ་དྲོའི་ཆུ་ཚོད་11པར། སྒར་རྫོང་གླང་དམར་གྲོང་ཚོའི་སྡོང་ཕྲུག་ར་བའི་ཐོན་ལས་རྟེན་གཞིའི་ཉི་འོད་དྲོད་ཁང་ཆེན་མོའི་ནང་དྲོ་སོབ་སོབ་ཡོད་པ་དང་། ཡུལ་མི་བུ་ཁྲིད་ཀྱིས་གློག་སྒོ་མནན་ནས་རིག་ནུས་ཆུ་གཏོར་མ་ལག་སྤྱོད་འགོ་ཚུགས། སྐར་མ་གཅིག་ཀྱང་མ་འགོར་བར་ས་སྟེང་གི་འོམ་ཤིང་རྐང་4320ལ་ཆུ་བཏང་ཚར་བ་རེད།

    “ད་ཆ་ཆུ་གཏོང་བར་སྟབས་བདེ་པོ་འདུག གློག་སྒོ་མནན་ཙམ་བྱས་ན་ཐག་གཅོད་ཐུབ་ཀྱི་འདུག”ཅེས་བུ་ཁྲིད་ཀྱིས་སྒུར་ཙམ་བྱས་ནས་སྡོང་ཕྲུག་སྐྱེ་འཚར་ལ་ལྟ་བཞིན་་བརྗོད་པ་དང་། ཁོང་གིས“སྡོང་ཕྲུག་དེ་དག་2025ལོའི་ལོ་མཇུག་དང་2026ལོའི་ལོ་སྟོད་དུ་བཏབ་པ་རེད། རྩ་བ་ཡག་པོ་ཚུགས་པ་མ་ཟད། ཡལ་གའང་ཡག་པོ་རྒྱས་འདུག”ཅེས་བརྗོད།

    “སྡོང་ཕྲུག་ར་བའི་ཐོན་ལས་གླིང་དེ་2024ལོའི་ཟླ་11པར་སྐྲུན་འགོ་བཙུགས་པ་དང་། 2025ལོའི་ཟླ་10པར་ལས་མཇུག་འགྲིལ་ནས་སྡོང་ཕྲུག་ཁག་དང་པོ་བཏབ་ཅིང་། མིག་སྔར། མཚོ་མོ་ངང་ལག་རིང་མོའི་རྒྱ་ལྕང་རྐང་ཁྲི་150དང་། གླ་ཚེར་རྐང་ཁྲི་13 འོམ་ཤིང་རྐང་ཁྲི་4.17བཅས་འདེབས་འཛུགས་བྱས་པ་དེ་དག་སྤྱིའི་ཆ་ནས་གསོན་ཚད་95%ཡན་ཟིན་ཡོད”ཅེས་ལག་རྩལ་པ་ཧོང་ཀྲི་ཡིའུ་ཡིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། “གླིང་ཁུལ་དེས་གཞི་ཁྱོན་ཅན་གྱི་སྒོ་ནས་མཚོ་མོ་ངང་ལག་རིང་མོའི་རྒྱ་ལྕང་དང་གླ་ཚེར་སོགས་གྲང་ངར་ཐེག་ཐུབ་པའི་རང་ཡུལ་གྱི་སྡོང་ཕྲུག་གསོ་སྤེལ་བྱས་པ་དང་། སྐྱེད་ཚལ་སྔོ་འགྱུར་གྱི་སྡོང་ཕྲུག་དང་རླུང་འགོག་བྱེ་འཇགས་ཀྱི་སྣ་ཁ་མང་དུ་བཏང་བས། ‘གསོ་སྤེལ་དང་། ཐོན་སྐྱེད། ཕྱིར་ཚོང་། འཛུགས་སྐྲུན’བཅས་གཞི་གཅིག་ཅན་གྱི་སྦྲེལ་ཐག་ཅིག་ཆགས་ཡོད”ཅེས་བརྗོད།

    ཐོན་ལས་གཞི་ཚུགས་དགོས་ན་མང་ཚོགས་ལ་ཕན་བདེ་བསྐྲུན་དགོས། “གྲོང་ཚོ་རེར་སྤུས་རྟཌ་རེ་ཡོད་པའི”འདུ་འགོད་ལ་བརྟེན་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་127ཚང་མ་མཉམ་ལས་ཁང་ནང་བཅུག་པས་དུད་ཚང་ཚང་མར་མ་རྐང་རག་ཡོད་པ་རེད། འཛུགས་སྐྲུན་བྱེད་སྐབས་ས་གནས་དེ་གའི་ཞིང་འབྲོག་པ་འབོར་ཆེན་བསྡུས་པ་དང་ལས་མིར་གླ་ཆ་སྒོར་ཁྲི་80སྤྲད་པ་དང་། འཕྲུལ་ཆས་བོགས་མར་བཏང་བར་ཡུལ་མིར་ཡོང་འབབ་སྒོར་ཁྲི་590ཙམ་བྱུང་ཡོད།

    “སྔོན་ལ་ཡུལ་མིའི་ལག་ནས་སྡོང་ཕྲུག་ཉོས་ཤིང་། ལོ་གསུམ་ནང་ཁྲོམ་རར་བཏོན་ནས་ཕྱིར་ཚོང་བྱེད་ཆོག་པ་དང་། ལོ་གསུམ་སོང་བའི་སྡོང་ཕྲུག་རྐང་རེར་སྒོར་30ཙམ་རག་པ་དང་། ལོ་ལྔ་སོང་བར་སྒོར་40ནས་50བར་རག་གི་ཡོད་པས། ས་གནས་དེ་གའི་སྔོ་འགྱུར་དང་ས་ཆ་གཞན་གྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་རྣམ་གྲངས་ལ་འཚོང་གི་ཡོད”ཅེས་སྒར་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏོའུ་ཅི་ཙེ་ཡིས་བརྗོད་པ་དང་། ཁོང་གིས“འཆར་འགོད་ལྟར་ཁེ་ལས་གཉེར་སྐྱོང་བྱས་ནས་ལོ་3ནས་5སོང་རྗེས། རྟེན་གཞི་ཧྲིལ་པོ་གྲོང་ཚོའི་མཉམ་ལས་ཁང་ལ་རང་བརྟེན་གཉེར་སྐྱོང་བྱེད་པར་རྩིས་སྤྲད་ཡོད”ཅེས་བརྗོད།

    བུ་ཁྲིད་ཀྱིས་ལས་ཀ་བྱེད་ཞོར་དུ་ལག་རྩལ་སྦྱངས་ནས་ཟླ་རེར་གླ་ཆ་སྒོར་7000ལྷག་ཙམ་ལེན་རྒྱུ་ཡོད་པ་དང་། “ལག་རྩལ་ཡག་པོ་ཤེས་རྗེས་དེ་ནི་ང་ཚོའི་གྲོང་ཚོའི་དཔག་བསམ་ལྗོན་ཤིང་ལྟ་བུ་རེད”

    དེ་སྔའི་མྱ་ངམ་ཐང་དུ་ད་ཆ་ལྗོན་ཤིང་རིམ་བཞིན་མང་དུ་འགྲོ་བཞིན་ཡོད་ཅིང་། སྡོང་ཕྲུག་ཕྱིར་ཚོང་བྱས་པ་དེས་རྫོང་ནོར་སྲིད་དང་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་ཕྱིན་ནས་མང་ཚོགས་ཀྱིས་ལས་ཀ་བྱས་པར་གླ་ཆ་ཡོད་པ་དང་། ནང་བཤུག་བཏང་བར་བོགས་དངུལ་ཡོད་པ། སྡོང་ཕྲུག་བཙོངས་པར་དངུལ་སྨར་རག་ཡོད་པ་རེད། སྒར་རྫོང་གིས་སྡོང་ཕྲུག་ར་བའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ལྗང་མདོག་ཐོན་ལས་དེ་དམངས་ཕྱུག་རྫོང་དར་གྱི་ཀ་རྟེན་ལྟ་བུར་འགྱུར་བར་བྱས་ཡོད།

    ཤ་ཚལ་སྒོང་གསུམ་ལ“ཐོན་ལས་ལ་བརྟེན་ནས་མཐའ་མཚམས་དར་རྒྱས་གཏོང་བའི”ནང་དོན་ལྡན་པ།

    “ལྗང་མདོག”ནི་ཐོག་མཐའ་བར་གསུམ་དུ་སྒར་རྫོང་གི་འགག་སྒྲོལ་གྱི་ཁ་ཕྱོགས་ཆེན་པོ་ཞིག་ཡིན་ལ་སྔོ་ཚལ་འདེབས་འཛུགས་བྱེད་པའི་དོན་ཆེན་ཞིག་ཀྱང་རེད། 2011ལོ་ནས་བཟུང་། སྒར་རྫོང་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་གྲབས་འཛུགས་ལ་ཞུགས་མཁན་ལས་བྱེད་པ་ལིའུ་ཅང་གིས་དྲན་གསོ་བྱེད་བཞིན“དེ་སྔོན་དགུན་དུས་སུ་ཞོག་ཁོག་དང་། པད་ཚལ། ལ་ཕུག་བཅས་ལས་ཟ་རྒྱུ་མེད། སྔོ་ཚལ་ཚང་མ་ལྷ་ས་དང་ཁ་ཧྲི་སོགས་ནས་དབོར་དགོས་པས་རིན་གོང་ལྡབ་ཁ་ཤས་ཀྱིས་མཐོ་བ་ཡོད་པའི་ཁར་སྔོ་ཚལ་ཡང་སོས་པོ་དེ་ཙམ་མེད་ཅེས་བརྗོད་པ་དང་། ཁོང་གིས“ད་ཆ་གཏན་ནས་འདྲ་གི་མེད། སྒོ་འགྲམ་གྱི་དྲོད་ཁང་ཆེ་མོའི་ནང་སྔོ་ཚལ་གང་དགོས་ཡོད་པ་མ་ཟད། གོང་ཁེ་ལ་སོས་པོའང་ཡོད”ཅེས་བརྗོད།

    ལིའུ་ཅང་གི་མྱོང་ཚོར་ཟབ་མོ་ལས་སྒར་རྫོང་གི་མང་ཚོགས་ཚོའི་དུས་ཡུན་རིང་པོ“སྔོ་ཚལ་དཀོན་པ་དང་ཚལ་གོང་མཐོ་བའི”དཀའ་གནད་མཚོན་གྱི་ཡོད། སྔོན་ཆད་སྒར་རྫོང་གི་ས་བབ་མཐོ་བའི་ས་ཁོངས་སུ་སད་མེད་པའི་དུས་ཡུན་ཉིན་90ཡང་ཟིན་གྱི་མེད་པ་དང་། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ། སྲོལ་རྒྱུན་གྱི་མཐོངས་ཡངས་འདེབས་འཛུགས་ཀྱི་གཞི་ཁྱོན་ཆེན་པོ་མེད་པས། སྔོ་ཚལ་དུས་ཡུན་རིང་པོའི་ནང་ས་ཆ་གཞན་ནས་དབོར་འདྲེན་བྱེད་དགོས་ཀྱི་ཡོད། སྔོ་ཚལ་གྱི་གནད་དོན་ནི་དམངས་འཚོའི་དཀའ་གནད་ཅིག་ཡིན་པ་མ་ཟད། མཐའ་མཚམས་མང་ཚོགས་ཀྱིས་མཐའ་མཚམས་བློ་བདེ་པོས་སྲུང་ཐུབ་མིན་དང་དེ་བས་ཀྱང་འབྲེལ་བ་ཡོད། སྒར་རྫོང་གིས་སྒྲིག་བཀོད་ཞིང་ལས་དེ“ཐོན་ལས་ལ་བརྟེན་ནས་མཐའ་མཚམས་དར་རྒྱས་གཏོང་བའི”དམ་འཛིན་བྱ་གཞིར་བརྩིས་ནས་2018ལོར་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་བསྐྲུན་པ་དང་འབྲེལ་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད།

    ས་བབ་མཐོ་བ་དང་། དྲོད་ཚད་དམའ་བ། སྨུག་ཕྱིའི་འོད་ཤུགས་ཆེ་བ། སད་མེད་པའི་དུས་ཚོད་ཐུང་བ་སོགས་ཀྱི་འདེབས་འཛུགས་དཀའ་གནད་སེལ་ཆེད། སྒར་རྫོང་གིས་བོད་སྐྱོར་ཞིང་ལས་རིགས་གཅིག་མཁས་ཅན་དང་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་དང་མཉམ་དུ་ས་མཐོའི་འདེབས་འཛུགས་ལག་རྩལ་གྱི་ལས་དོན་ཆེད་སྒྲུབ་ཚན་ཁག་བཙུགས་ཏེ་སྐྱི་ལྔའི་འགྱིག་ཤོག་དྲོད་སྲུང་ཁང་དང་། ས་མེད་འདེབས་གསོ། ས་རྒྱུ་ལེགས་བཅོས་སོགས་ལེ་ལག་ཚང་བའི་ལག་རྩལ་རིམ་སྤོར་བྱས་པ་དང་ས་གནས་དེ་གའི་སྡོང་ཕྲུག་གསོ་སྤེལ་རྟེན་གཞི་བཙུགས་ནས“སྐྱེ་འཚར་ཡག་པོ་མེད་པའི”དཀའ་གནད་གཙོ་བོ་བསལ་བ་རེད།

    གླིང་ཁུལ་གྱི་འདེབས་འཛུགས་དུད་ཚང་ཝང་ཅ་ཧའོ་ཡིས་དྲོད་ཁང་23དང་མུའུ་600ལྷག་ཙམ་གྱི་སྡོང་ཕྲུག་ར་བ་གཉེར་སྐྱོང་བྱེད་བཞིན་ཡོད། “ད་ཆ་འབྲི་ཏ་ས་འཛིན་དང་། སྤུས་ལེགས་སུར་པན། ས་མཐོའི་ཀྭ་རིགས་མངར་མོ་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཤིང་འབྲས་བཏབ་ཡོད” ཝང་ཅ་ཧའོ་ཡིས“འབྲི་ཏ་ས་འཛིན་གྱི་དྲོད་ཁང་རེ་ནས་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5ཟིན་ནས་དེ་སྔོན་འབྲུ་རིགས་ཁོ་ན་འདེབས་པ་དང་ཡོང་འབབ་མང་པོ་མེད་པའི་རྣམ་པར་རྦད་དེ་འགྱུར་ལྡོག་ཕྱིན་ཡོད”ཅེས་བརྗོད།

    མིག་སྔར་རིམ་རྩིས་བརྒྱབ་ན་གླིང་ཁུལ་དུ་སྔོ་ཚལ་དང་། ཇེ་ཙེ་རིགས་ཀྱི་སྔོ་ཚལ། ཀྭ་རིགས། ཁྱད་ལྡན་ཐོན་རྫས་བཅས་རིགས་ཆེན་པོ་བཞི་ཡི་སྣ་ཁ་40ལྷག་ཙམ་བཏབ་ཡོད། འགག་རྩ་ནི་གླིང་ཁུལ་གྱིས་སྔོན་ལ་ས་གནས་དེ་གའི་སྔོ་ཚལ་མཁོ་སྤྲོད་ལ་འགན་ལེན་བྱེད་པ་མ་ཟད། ད་དུང་མཐའ་སྲུང་དཔུང་སྡེར་ས་མེད་འདེབས་གསོའི་ལག་རྩལ་སློབ་ནས་མཐའ་སྲུང་དཔོན་དམག་ཚོར་སྔོ་ཚལ་སོས་པ་ཟ་རྒྱུ་ཡོང་བར་བྱས་ཡོད།

    “ད་ཆ་གླིང་ཁུལ་ནས་ལོར་སྔོ་ཚལ་དང་ཤིང་འབྲས་རྒྱ་མ་ཁྲི་43ལྷག་ཙམ་ཐོན་པ་དང་། ས་གནས་དེ་གའི་སྔོ་ཚལ་རང་ཁ་རང་གསོ་ཐུབ་ཚད་10%ཡང་མ་ཟིན་པ་ནས་40%ཡན་བར་མཐོ་རུ་ཕྱིན་པ། དབྱར་དུས་སུ་སྔོ་ཚལ་སྤྱིར་ན་རང་ཁ་རང་གསོ་ཐུབ་ཀྱི་ཡོད”ཅེས་ཏའོ་ཅི་ཙེས་བཤད།

    “ཚལ་དཀོན་པ”ནས“ཤ་ཚལ་སྒོང་གསུམ”ཕུན་སུམ་ཚོགས་པའི་བར་སྒར་རྫོང་གིས་དམངས་འཚོའི་དཀའ་གནད་དེ་རྫོང་ཁོངས་དཔལ་འབྱོར་གྱི་འཕར་གཞི་གསར་པར་འགྱུར་བ་བྱས་ཡོད། སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་གིས་ཐོན་ལས་ལ་བརྟེན་ནས་མཐའ་མཚམས་དར་རྒྱས་བཏང་སྟེ་མཐའ་མཚམས་འགག་སྒོའི་དམག་དམངས་ཀྱི་ཚལ་རིགས་ཀྱི་དགོས་མཁོ་དང་མཐའ་མཚམས་མི་སེར་གྱི་འབབ་འཕར་ཐབས་ལམ་ཟུང་འབྲེལ་བྱས་ཏེ་ཕུན་སུམ་ཚོགས་པའི་ཚལ་རིགས་ལ་བརྟེན་ནས་མཐའ་མཚམས་བརྟན་སྲུང་ལ་གཞོགས་འདེགས་ཧུར་ཐག་བྱས་ཡོད།

    མཉམ་སྡེབ་ཆུང་ངུས“ཕྱུག་འགྱུར་ལ་བརྟེན་ནས་མཐའ་མཚམས་བརྟན་སྲུང”བྱེད་པའི་ལེའུ་བརྩམས་པ།

    མཐའ་མཚམས་ཀྱི་ཡུན་རིང་བདེ་འཁོད་དེ་མཐར་གཏུགས་ན་གྲོང་ཚོ་དང་དུད་ཚང་ཚང་མའི་འཕེལ་རྒྱས་ལ་ཐུག་ཡོད། སོག་སྟོད་གྲོང་ཚོ་ནི་སྒར་རྫོང་གིས་མཉམ་སྡེབ་དཔལ་འབྱོར་ལ་བརྟེན་ནས་མཐའ་མཚམས་སྲ་བརྟན་དུ་བཏང་བའི་དཔེ་མཚོན་ཞིག་རེད།

    སོག་སྟོད་གྲོང་ཚོས་དེ་སྔ་འབྲོག་ལས་གཙོ་བོར་བྱེད་ཅིང་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་ཞིང་། 2019ལོར་གྲོང་ཚོ་གཅིག་གྱུར་ཐོག་རྒྱལ་ལམ་རྒྱུད་དུ་གཅིག་སྡུད་གནས་སྤོ་བྱས་ཏེ་ས་བབ་ཀྱི་ལེགས་ཆར་བརྟེན་ནས་ལམ་འགྲམ་གྱི་དཔལ་འབྱོར་འཕེལ་རྒྱས་བཏང་ཡོད། གྲོང་ཚོའི་ཏང་ཀྲི་པུས་འབྲོང་ཁམས་པ་མཉམ་ལས་ཁང་བཙུགས་ཏེ་སྔ་རྗེས་སུ་བྱེ་རྡོ་ར་བ་དང་། མགྲོན་ཁང་། ཚོང་ཁང་། ཁང་པ་བོགས་གཏོང་སོགས་ཀྱི་མཉམ་སྡེབ་རྣམ་གྲངས་གཉེར་ནས་ས་བབ་ཀྱི་ལེགས་ཆ་དེ་མཉམ་སྡེབ་ཀྱི་ཡོང་འབབ་ལ་འགྱུར་བ་བྱས་ཡོད།

    ཐོན་ལས་རང་ཁྱིམ་གྱི་སྒོ་འགྲམ་དུ་ཡོད་པ་དང་། ཡོང་འབབ་བརྟན་པོ་འཕར་བ། ན་གཞོན་ཚོ་སྡོད་འདོད་ཡོད་པ། རྒན་རྒོན་ལ་བརྟེན་ས་ཡོད་པ། བྱིས་པ་གཞིས་ལུས་མི་ཐེབས་པ། གྲོང་ཚོ་འཁྲུག་ཆ་དོད་པ། མཐའ་མཚམས་སུ་རྨང་གཞི་ཡོད་པ་བཅས་བྱུང་ཡོད། 2025ལོར་སོག་སྟོད་གྲོང་ཚོའི་འབྲོང་ཁམས་པ་མཉམ་ལས་ཁང་གི་ཡོང་འབབ་སྒོར་ཁྲི་224ཟིན་པ་དང་། “མ་རྐང་གཞིར་བཟུང་ཁེ་སྤོགས་བགོ་བ་དང་རྩོལ་བསྟུན་ཐོབ་སྤྲོད”ཟུང་འབྲེལ་བྱས་པ་བརྒྱུད་ཁྱོན་ཁེ་སྤོགས་སྒོར་ཁྲི་126ལྷག་ཙམ་བགོས་པ་རེད། “འབྲོག་པས་རྩྭ་ར་དང་། ཕྱུགས་ཟོག མ་དངུལ། ངལ་རྩོལ་ནུས་ཤུགས་བཅས་མ་རྐང་ལ་ཞུགས་ནས། ཉེན་ཁ་མཉམ་འཁུར་དང་ཁེ་ཕན་མཉམ་སྤྱོད་བྱས་པས་ཁེ་སྤོགས་བགོ་བའི་ཚོགས་ཆེན་ཐོག་དགའ་བའི་འཛུམ་མདངས་འཕྱུར་བཞིན་ཡོད་ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཀརྨ་རྡོ་རྗེས་བཤད།

    སྒར་རྫོང་གིས་སྐྱེ་ཁམས་ཐོན་ལས་གླིང་ལ་བརྟེན་ནས་མཁོ་སྤྲོད་ལ་འགན་ལེན་དང་། སྡོང་ཕྲུག་ར་བའི་ཐོན་ལས་གླིང་ལ་བརྟེན་ནས་ལྗང་ནུས་གསོག་འཇོག གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་བརྟེན་ནས་མི་སེམས་གཅིག་སྒྲིལ་བཅས་བྱས་ཏེ“སྔོ་ལྗང་ལ་བརྟེན་ནས་མཐའ་མཚམས་མཛེས་སྡུག་ལྡན་པ་དང་། ཐོན་ལས་ལ་བརྟེན་ནས་མཐའ་མཚམས་དར་རྒྱས། ཕྱུག་འགྱུར་ལ་བརྟེན་ནས་མཐའ་མཚམས་བརྟན་ལྷིང”བཅས་ཡོང་བའི་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཏོད་པ་དང་། གྲོང་གསེབ་དར་རྒྱས་ཀྱི་དྲོ་སྐྱིད་མཐའ་མཚམས་ནས་ཚོར་བ་དང་མཐའ་དར་དམངས་ཕྱུག་གི་རྣམ་པ་བོད་ལྗོངས་ས་མཐོ་ནས་མངོན་པར་བྱེད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།