གཏིང་སྐྱེས་རྫོང་གིས་གམ་པའི་ལུག་གཅིག་སྡུད་སྡོམ་གསོའི་ཚད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ།
གཏིང་སྐྱེས་རྫོང་གཟར་ཤང་འཁོར་ཆེན་གྲོང་ཚོའི་འཕེལ་གླིང་དམར་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཉེ་བའི་ལོ་ཤས་རིང་རྩྭ་ར་དང་། དངུལ་སྨར། ཕྱུགས་ཟོག་བཅས་མ་རྐང་ལ་ཕབ་ནས་མ་རྐང་ལ་ཞུགས་པའི་བྱེད་ཐབས་བརྒྱུད། གྲོང་ཚོ་ཡོངས་ཀྱི་ཞིང་འབྲོག་དུད་ཚང་112ཀྱི་མ་རྐང་4681གི་རྒྱུ་ནོར་བསྡུ་སྒྲིལ་བྱས་ཏེ་གམ་པའི་ལུག་གཅིག་སྡུད་སྡོམ་གསོའི་ཚད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་རེད།
གཞི་ཁྱོན་ཅན་གྱི་གཅིག་སྡུད་གསོ་ཚགས་བྱས་རྗེས་རྫི་བོ་5ཡིས་ཕྱུགས་རིགས་བདག་སྐྱོང་གི་འགན་ཚང་མ་འཁུར་ཡོད། རྫི་བོ་རེར་ལོ་ལྟར་གཏན་འཇགས་གླ་ཆ་སྒོར་ཁྲི་4ལྷག་ཙམ་ལེན་རྒྱུ་ཡོད་པ་དང་། ལས་མིའི་གླ་ཆ་ཕུད་ད་དུང་མ་རྐང་ལ་ཞུགས་པའི་ཁེ་སྤོགས་བགོ་རྒྱུ་ཡོད་པས་ཁོང་ཚོའི་ལས་ཞུགས་ཀྱི་དཀའ་གནད་རྦད་དེ་ཐག་གཅོད་ཐུབ་ཡོད། དེ་དང་ཆབས་ཅིག་གཅིག་སྡུད་གསོ་ཚགས་ལས་ཐོན་པའི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་13ཕྱིར་གླ་པར་སྐྱོད་པ་དང་ཁྱད་ལྡན་ཞོར་ལས་འཕེལ་རྒྱས་བཏང་བ་མ་ཟད། གྲོང་ཚོ་དེའི་མ་རྐང་ལ་ཞུགས་པའི་དུད་ཚང་112ཚང་མར་འབབ་འཕར་བྱུང་ཡོད། 2020ལོ་ནས་2025ལོ་བར་མཉམ་ལས་ཁང་གིས་ཁེ་སྤོགས་མུ་མཐུད་བགོ་བཤའ་བརྒྱབ་པས་ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་བརྟན་པོ་ཕྱིན་ཡོད།
མཐོ་གྲང་རྩྭ་རར་རི་སྐྱེས་སྲོག་ཆགས་ཅུང་མང་བ་དང་སྤྱང་ཀིའི་གནོད་འཚེ་ཡང་ཡང་ཐོན་པ་ནི་རྫི་བོ་དང་མཉམ་ལས་ཁང་ལ་འཕྲད་པའི་མངོན་གསལ་དོད་པའི་དཀའ་གནད་ཅིག་རེད། འབྲོག་དུད་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ལ་དམིགས་ནས། གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གིས་རྒྱུན་རྣམ་ཅན་གྱི་ཐུགས་ཁུར་ལམ་སྲོལ་བཙུགས་ཏེ་གཟན་རྩྭའི་རྟེན་གཞི་དང་། རྒྱུད་བཟང་ནང་འདྲེན། ལྷས་ར་ཉམས་གསོ། གྲང་མཛོད་དུ་ཉར་ཚགས་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་ཡོངས་ནས་འབྲོག་པའི་དཀའ་ངལ་སེལ་རོགས་བྱས་པ་རེད།
མཉམ་ལས་ཁང་དེའི་འགན་འཁུར་བས་མིག་སྔར་མཉམ་ལས་ཁང་ལ་ལུག་དང་ར་མགོ་གྲངས་3400ལྷག་ཙམ་ཡོད། གོམ་སྟབས་རྗེས་མར། གམ་པའི་ལུག་གི་རྒྱུད་བཟང་ལག་ཡོད་མགོ་གྲངས་མུ་མཐུད་མང་དུ་གཏོང་བ་དང་། འབྲོག་ལས་ཀྱི་ཐོག་མའི་ལས་སྣོན་སྣུར་སྲིང་བྱེད་པ། ས་མཐོའི་སྐྱེ་ཁམས་འབྲོག་ལས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་གཏོང་བ་བཅས་བྱ་རྒྱུ་ཡིན། སླད་ཕྱིན་ལྷས་ར་རྙིང་པ་བརྟན་དུ་དང་མཐོ་རུ་གཏོང་བ་དང་སྤྱང་ཀི་སོགས་འགོག་ཐུབ་པའི་ལྷས་རའི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་དོན་འཁྱོལ་བྱས་ནས་སྤྱང་ཀིས་གནོད་འཚེ་བཟོ་བའི་དཀའ་གནད་རིམ་བཞིན་སེལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།
འབྲེལ་ཡོད་གསར་འགྱུར།