དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • “འཇའ་ཚོན་གྱི་ཕ་ཡུལ”ཀོང་པོ་རྒྱ་མདས་མཛེས་ལྗོངས་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་བཏོད་པ།

    —— ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས“རི་བོ་གཉིས”གཞན་སྒྱུར་ཀྱི་ཐབས་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་བསྐྱོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-25

    “འཇའ་ཚོན་གྱི་ཕ་ཡུལ”ཞེས་སུ་གྲགས་པའི་ཀོང་པོ་རྒྱ་མདའ་རྫོང་དེ་ཉིད་ཉིང་ཁྲིའི་ནུབ་ཕྱོགས་སུ་འགྱིང་ངེར་གནས་ཤིང་། སྤྱི་ལེ་ངོས་གྲུ་ཁྲི་1.296ཟིན་པའི་ས་གཞི་ཆེ་མོ་དེར་གངས་རི་དང་། མཚོ་མོ། ནགས་ཚལ། ན་ཁ་ལ་སོགས་མུ་ལ་མུ་འཁྱུད་དུ་ཆགས། སྔོན་ཆད་ཚང་མས་མཐོང་བ་ནི་རི་བོ་སྔོ་ཞིང་ཆུ་མོ་དྭངས་པའི་མཛེས་ལྗོངས་ཙམ་རེད། ད་ཆ་ས་གནས་དེ་གའི་མི་སེར་ཚང་མའི་སེམས་ནང་རི་ཀླུང་སྔོ་ཞིང་ཆུ་མོ་དྭངས་པ་དེ་དག་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཁོ་ན་མིན་པར། ཁྱིམ་ཚང་ཚང་མ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་རྒྱུ་ཡོང་བར་བྱེད་པའི“ནོར་གཞོང”ལྟ་བུ་ཡིན་པ་གསལ་པོར་ཤེས་ཀྱི་ཡོད།

    ཀོང་པོ་རྒྱ་མདའ་རྫོང་དུ་སྐྱོད་སྐབས། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་བཅས་གཞི་གཅིག་དུ་བཅོས་སྐྱོང་བྱས་པ་ལས་ཐོན་པའི་ཕན་འབྲས་གང་སར་མཐོང་རྒྱུ་ཡོད། ལོ་ཤས་གོང་བྲག་གསུམ་མཚོའི་ལམ་རྒྱུད་དང་ལྡིང་ཐང་གྲོང་ཚོ་སོགས་སུ་ཐང་རྒོད་མི་ཉུང་བ་ཞིག་ཡོད་ཅིང་། རླུང་བུ་ལྡང་བའི་སྐབས་སུ། དེ་གར་ཐལ་རྡུལ་གྱིས་ཁེངས། སྐྱེ་ཁམས་ཀྱི་རྨང་གཞིར་སྲུང་སྐྱོང་བྱ་ཆེད་ས་གནས་དེ་གས་སྐྱེ་ཁམས་སླར་གསོའི་འདུ་འགོད་གཙོ་བོ་5གཅིག་རྗེས་གཉིས་མཐུད་ངང་དོན་འཁྱོལ་བྱས་པར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་4849བཏང་ཞིང་། ལས་དོན་པས་གྲོང་མིའི་གནས་སྤོས་ས་རྒྱུ་ལེགས་བཅོས་བྱས་པ་དང་། སྦྱར་པ་དང་གསོམ་ཤིང་སོགས་སྡོང་རྐང་བདུན་སྟོང་ལྷག་ཙམ་བཙུགས་པ། གཏོར་སྐྱོན་ཕོག་པའི་ས་ཞིང་རིམ་བཞིན་ཉམས་གསོ་བྱས་པ་རེད། དུས་ཐུང་ལོ་ཤས་འབད་བརྩོན་བྱས་པ་བརྒྱུད། ཐང་རྒོད་མུའུ་ཁྲི་3.04ལ་སླར་ཡང་གོས་ལྗང་བཀླུབས་པ་དང་ཆུ་མོ་དང་མཁའ་རླུང་དྭངས་ཤིང་གཙང་བར་གྱུར།

    སྐྱེ་ཁམས་ཀྱི་ཁེ་འབབ་མཐོང་རྒྱུ་དང་རེག་རྒྱུ་ཡོད་པ་མ་ཟད། མི་སེར་ཚོའི་དངུལ་ཁུག་ནང་དུ་བླུགས་རྒྱུའང་བྱུང་ཡོད། 2020ལོའི་ཚུན་དུ། རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྒྱུར་སྤྲོད་མ་དངུལ་ལོ་རེ་བཞིན་འཕར་ནས་2025ལོའི་ཁ་གསབ་དངུལ་འབོར་ལོ་ལྔའི་གོང་ལས་ལྡབ་3ལྷག་ཙམ་འཕར་བ་དང་། 2026ལོར་མ་དངུལ་སྒོར་ཁྲི་9000ལྷག་ཙམ་ཟིན་པ་དེ་2021ལོའི་ལྡབ་6རེད། ལོ་ལྟར་སྐྱེ་ཁམས་དམངས་ཕན་མ་དངུལ་སྒོར་ཁྲི་4000ཙམ་དུས་ཐོག་ཏུ་སྤྲོད་པ་དང་། སྤྱི་ཕན་ནགས་ཚལ་བདག་སྐྱོང་དང་སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་པ། ཡུལ་མི་མི་ཉུང་བ་ཞིག་སྐྱེ་ཁམས་ནགས་སྲུང་བར་གྱུར་ནས་རི་སྐོར་ནགས་སྲུང་བྱེད་ཞོར་གླ་ཆའང་ལེན་རྒྱུ་བྱུང་ཡོད།

    ཀོང་པོ་རྒྱ་མདས་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་མཛེས་ལྗོངས་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་འབབ་འཕར་ཐབས་ལམ་ཞིག་བཏོད་ཡོད། ན་ནིང་རྫོང་ཡོངས་ཀྱིས་ཡུལ་སྐོར་བ་ཁྲི་375ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་22ལྷག་ཙམ་བྱུང་བ་དེ་2021ལོ་དང་བསྡུར་ན་ཧ་ལམ་ལྡབ་འཕར་བྱུང་ཡོད། བྲག་གསུམ་མཚོ་དང་། ཤུ་པ་གནའ་བོའི་མཁར་རྫོང་། བརླན་ཚལ་བཅས་མཛེས་ལྗོངས་ཁུལ་ཆེན་པོ་གསུམ་དུ་ལོ་ལྟར་ཡུལ་སྐོར་ལ་ཡོང་མཁན་ཧ་ཅང་མང་པོ་ཡོད།

    ཡུལ་སྐོར་ལས་རིགས་ནི་མཛེས་ལྗོངས་ཁུལ་ཁོ་ནའི་ཚོང་ལས་ཞིག་མིན་པར་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་ཁུངས་གཙོ་བོ་ཡང་རེད། ཞིང་འབྲོག་པ་4420ལྷག་ཙམ་གྱིས་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་། ཁྱད་ལྡན་ཐོན་རྫས་འཚོང་བ། སྣེ་ཤན་པ་བྱེད་པ་བཅས་ལས། ལོ་ཧྲིལ་པོར་ཡུལ་སྐོར་གཉེར་སྐྱོང་གི་ཡོང་འབབ་སྒོར་ཁྲི་3600ལྷག་ཙམ་ཟིན་གྱི་ཡོད།

    རྒྱ་མདའ་ཤང་ཐང་སྟེང་གྲོང་ཚོས་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་གཙོ་བོར་བྱས་ནས་ས་གནས་དེ་གའི་ཁྱད་ཆོས་དང་མཐུན་པའི་གཉེར་སྐྱོང་བྱེད་སྟངས་ཆ་ཚང་ཞིག་འཚོལ་ཞིབ་བྱས་པ་སྟེ། གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྣེ་ཁྲིད་དེ་ཞིང་དུད་སྒྲིག་འཛུགས་བྱས་ནས་ནགས་ཁྲོད་ཐོན་ཁུངས་སྔོག་འདོན་ཆོག་འཐུས་དང་སྔོག་འདོན་ཚོད་འཛིན་ས་ཁོངས་གཅིག་གྱུར་ཐོག་གསལ་འབྱེད་དང་སྔོག་འདོན་དང་གསོ་ཚགས་ཟུང་འབྲེལ་གྱི་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུས་ཏེ། གཅིག་སྡུད་ཉོ་སྒྲུབ་དང་གཅིག་གྱུར་ཕྱིར་ཚོང་བྱས་ཤིང་། དེ་ལས་བྱུང་བའི་ཡོང་འབབ་དག་བསྡུར་ཚད་ལྟར་མཉམ་སྡེབ་དང་ཞིང་དུད་ལ་བགོ་བཤའ་བརྒྱབ་ཡོད། ཀོ་ཤ་དང་མོག་རོ་སོགས་ནགས་ཁྲོད་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་བཙོངས་ཤིང་། 2025ལོར་གྲོང་ཚོ་རེའི་ནགས་ཁྲོད་ཐོན་ལས་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་10ལས་བརྒལ་ནས་དུད་ཚང་ཚང་མར་ཐོན་ལས་ཀྱི་ཁེ་སྤོགས་བྱུང་ཡོད།

    གྲངས་གཞི་ནི་རྒྱུགས་ལན་ཡག་ཤོས་ཤིག་ཡིན་པ་སྟེ། 2025ལོར་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་26.43ཟིན་པ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3ཙམ་ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5ལས་བརྒལ་ནས་2021ལོ་དང་བསྡུར་ན་ཇེ་མང་དུ་སོང་ཡོད། སྐྱེ་ཁམས་ཇེ་ལེགས་སུ་ཕྱིན་པ་དང་། ཐོན་ལས་ཇི་ཙམ་གཉེར་བ་དེ་ཙམ་གྱིས་སྟོབས་ཆེར་ཕྱིན་པ། མི་སེར་གྱི་ཡོང་འབབ་ཉིན་རེ་ལས་མ་འདས་པར་མང་དུ་ཕྱིན་ནས“རི་བོ་གཉིས”གཞན་སྒྱུར་གྱི་ཕན་པ་མི་ཚང་མར་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།