ལྷ་ས་གྲོང་ཁྱེར་གྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་པེ་ཅིང་དུ་སློབ་འགོ་ཚུགས་པ།
ཉེ་ཆར། 2026ལོའི་ལྷ་ས་གྲོང་ཁྱེར་གྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ(ཞིང་ལས་སྐྱེ་དངོས་འདེབས་ལས)པེ་ཅིང་དུ་སློབ་འགོ་ཚུགས་པ་རེད། ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཁོངས་གཏོགས་ཀྱི་ལས་སྒོའི་ལས་བྱེད་པ་དང་ཆེད་ལས་ལག་རྩལ་རྐང་འཛིན་པ་20པེ་ཅིང་དུ་འཛོམས་ནས་དུས་ཡུན་ཉིན་12ཀྱི་གསོ་སྦྱོང་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་ལ“ལོ་ལྔ་ཚན་བཅོ་ལྔ་པའི”འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་དམིགས་པ་དང་། སློབ་ཚན་ནང་རྒྱུན་གཏན་གྱི་སོན་གསོ་དང་ཆ་རྡུལ་གྱི་ཇུས་འགོད་སོན་གསོ་དང་། མ་རྨོས་ལོ་ཏོག་འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་རོགས་སྐྱོར། ས་བོན་གྱི་ཁྲིམས་འཛིན་དང་བཅའ་ཁྲིམས་ཁྲིམས་སྲོལ། སྲན་ཆེན་གྱི་ཐོན་མཐོ་ཕན་འཕར། སྔོ་ཚལ་སྤུས་ལེགས་ཀྱི་སོན་མྱུག་སྐྱེད་སྲིང་། གྱིན་སྒྱུར་ལག་རྩལ་བཀོལ་སྤྱོད། ས་བོན་གྱི་སྤུས་ཚད་ཞིབ་དཔྱད་ཚད་ལེན། རིག་ལྡན་སོན་གསོ་སོགས་གཙོ་གནད་ཁྱབ་ཁོངས་ཚུད་ཡོད་པ་དང་། ས་གནས་ས་ཐོག་ཏུ་ལྟ་སྦྱོང་དང་ཉམས་མྱོང་སྤེལ་རེས་བྱེད་སྟངས་སྤྱད་ཡོད།
གསོ་སྦྱོང་བྱེད་རིང་། སློབ་མ་ད་དུང་པེ་ཅིང་ཞིང་ལས་ལས་རིགས་སློབ་གླིང་གི་ཚོད་ལྟ་ཁང་དང་དེ་བཞིན་སློབ་གྲྭའི་ནང་གི་དངོས་སྦྱོང་རྟེན་གཞི་དང་། ཐུང་ཀྲོའུ་རྒྱལ་སྤྱིའི་འདེབས་འཛུགས་ལས་རིགས་གླིང་ཁུལ། ཧྥུང་ཐའེ་ཆུས་འཛམ་གླིང་ས་བོན་སྣ་འཛོམས་འགྲེམས་སྟོན་རྟེན་གཞི་སོགས་སུ་འཁྲིད་དེ་ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱས་པ་དང་། པེ་ཅིང་གིས་ས་བོན་ལས་རིགས་དར་རྒྱས་དང་། སོན་གསོ་གསར་གཏོད། ས་བོན་ལྟ་འདོམས། སྤུས་རྟགས་འཛུགས་སྐྱོང་། རིག་ལྡན་ཞིང་ལས་སོགས་ཐད་ཀྱི་སྔོན་ཐོན་བྱེད་ཐབས་སློབ་སྦྱོང་བྱས་ནས་པེ་ཅིང་དང་བོད་ལྗོངས་ས་གནས་གཉིས་ཀྱི་ཉམས་མྱོང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་མཉམ་ལས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།