སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་གྱིས་རྒྱུད་བཟང་བཞོན་མ་འགྲན་པ།

འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་ཕུལ་བྱུང་གསོ་ཚགས་དུད་ཚང་ལ་བྱ་དགའ་སྤྲོད་བཞིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་གྱིས་རྟ་རྒྱུག་ཐང་དུ་2026ལོའི་རྒྱུད་བཟང་བཞོན་མ་དང་བེའུ་འགྲན་པ་རེད། འགྲན་བསྡུར་ནང་བཞོན་མ་13དང་བེའུ་6གི་གཟུགས་པོ་ཆེ་ཆུང་དང་། སྤུ་མདོག་ཡག་ཉེས། འོ་མ་འབབ་ཚད་སོགས་ཀྱི་སྟོན་གྲངས་ལ་ཕྱོགས་བསྡུས་དཔྱད་འདེམས་བྱས་པ་བརྒྱུད། མཐར་བཞོན་མ་ཚོགས་ཆུང་དང་བེའུ་ཚོགས་ཆུང་གི་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་བདམས་པ་དང་འབྲེལ་བྱ་དགའ་ཐོབ་པའི་གསོ་ཚགས་དུད་ཚང་ལ་གཟི་བརྗིད་ལག་ཁྱེར་དང་བྱ་དགའ་སྤྲད་པ་རེད།
འགྲན་བསྡུར་བྱེད་རིང་། གསོ་ཚགས་དུད་ཚང་གིས་རང་ཁྱིམ་གྱི་རྒྱུད་བཟང་བཞོན་མ་དང་བེའུ་འགྲན་བསྡུར་ནང་ཞུགས་སུ་བཅུག་ནས། ཉེ་བའི་ལོ་ཤས་རིང་གི་རྒྱུད་པ་ལེགས་བཅོས་དང་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་ཚགས་བྱས་པའི་གྲུབ་འབྲས་མངོན་པར་བྱས་པ་མ་ཟད། བསྡུར་བ་བྱས་ཏེ་ཧེ་བག་འཚོལ་བ་དང་ལེགས་ཆ་སློབ་སྦྱོང་བྱས་ཤིང་། གསོ་ཚགས་དུད་ཚང་མི་ཉུང་བ་ཞིག་གིས“འགྲན་བསྡུར་ནང་ཞུགས་རྗེས་གཞི་ནས་ཧེ་བག་གསལ་པོ་མཐོང་བྱུང་། རྒྱུད་བཟང་བཞོན་མར་དངོས་གནས་འབབ་འཕར་ཡོང་བ་འདུག”ཅེས་བཤད། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱབ་ལྗོངས་ཆེན་པོའི་འོག ད་ཐེངས་ཀྱི་བྱེད་སྒོས་རྒྱ་ཆེའི་གསོ་ཚགས་དུད་ཚང་ལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་མཉམ་ལས་གཉིས་ཁེའི་ལས་སྟེགས་བཏོད་ཡོད། ས་གནས་ས་ཐོག་ཏུ་ད་དུང་གསོ་ཚགས་ལག་རྩལ་གྱི་སློབ་ཚན་ཐུང་ངུ་དང་དམངས་ཕན་སྲིད་ཇུས་བློ་འདྲིའི་སྟེགས་བུ་བཙུགས་ནས། ཚན་རིག་དང་མཐུན་པའི་ངང་གཟན་རྩྭ་སྟེར་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པ། གཟན་རྩྭ་འདེབས་འཛུགས་བྱེད་པ་སོགས་ཀྱི་ཤེས་བྱ་མང་ཚོགས་ལ་བསླབས་པ་རེད།
འབྲེལ་ཡོད་གསར་འགྱུར།