དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྗང་མདོག་གཏེར་ལས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་གཏོད་པ།

    ——ཀྲུང་གོ་ལྕགས་ལམ་ཅུས་བཅུ་བདུན་པའི་ཀུང་སི་གཉིས་པའི་བོད་ལྗོངས་ཅུས་ལུང་བདེ་ཆེན་ཕུའུ་ཡི་རྣམ་གྲངས་འཛུགས་སྐྲུན་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-23

    ཞོགས་པ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་ས་བབ་སྨི་5000ལྷག་ཙམ་ཡོད་པའི་ལུང་ཤུར་དུ་གྲང་རླུང་འུར་འུར་དུ་ལྡང་ཞིང་། ཀྲུང་གོ་ལྕགས་ལམ་ཅུས་བཅུ་བདུན་པའི་ཀུང་སི་གཉིས་པའི་བོད་ལྗོངས་ཅུས་ལུང་བདེ་ཆེན་ཕུའུ་ཡི་རྣམ་གྲངས་ལས་ཡུལ་དུ་འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་བཞིན་ཡོད། སི་ཁྲོན་ནས་ཡིན་པའི་བཟོ་པ་ཀྲང་ལགས་ཀྱིས་རྣམ་ཀུན་དང་འདྲ་བར་སྲིང་བལ་གྱོན་ཆས་གྱོན་ནས་ཕུག་ལམ་ནང་དུ་འཛུལ། ད་ལོའི་རྒྱལ་སྟོན་གུང་གསེང་རིང་ཁོང་དང་འདྲ་བར་ལས་ཡུལ་དུ་ལས་ཀ་བྱེད་མཁན་ཁྲོད་ད་དུང་དོ་དམ་མི་སྣ་20ལྷག་ཙམ་དང་འཐབ་ས་དང་པོའི་ཨར་སྐྲུན་པ་200ལྷག་ཙམ་ཡོད། ཁོང་ཚོས་བྲེལ་བརྩོན་ཆེན་པོས་སྐྲུན་བཞིན་པའི་ལས་གྲྭ་དེ་གཏེར་རིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གལ་ཆེན་ཞིག་ཡིན་པ་མ་ཟད། གངས་ལྗོངས་ས་མཐོའི་གྲོང་གསེབ་དར་རྒྱས་དང་སྦྲེལ་བའི་ཐོན་ལས་འཁོར་སྦྲེལ་ཞིག་དེ་བས་རེད།

    བདེ་ཆེན་ཕུའུ་གཏེར་སྙིགས་གསོག་མཛོད་ནི་ཨེ་ཤེ་ཡའི་ས་བབ་མཐོ་ཤོས་དང་མཛོད་ཤོང་གཞི་ཁྱོན་ཆེ་ཤོས་ཀྱི་གཏེར་སྙིགས་གསོག་མཛོད་ཀྱི་ལས་གྲྭ་ཞིག་རེད། མིག་སྔར། རྣམ་གྲངས་ཧྲིལ་པོའི་འཕེལ་རིམ་75%ལྷག་ཙམ་ལེཌ་གྲུབ་ཟིན་པ་དང་། ཆུ་ལོག་གཤོང་བའི་ཕུག་ལམ་གཙོ་བོ་སྨི་2500ཙམ་སྔོག་ཟིན་པ། ས་ངོས་སུ་སིམ་འགོག་འགྱིག་ཤོག་སྨི་ངོས་གྲུ་ཁྲི་370ལྷག་ཙམ་བཏིང་ཟིན་ཡོད།

    ཕུག་ལམ་ནང་དུ་གློག་བཞུའི་འོད་མདངས་བྲག་ལྡེབས་སུ་འཕྲོ་བ་དང་ཚད་འཇལ་བས་དཔྱད་ཆས་འཁྱེར་ནས་གྲངས་གཞིར་ཞིབ་བསྡུར་ཐེངས་མང་བྱེད་ཀྱི་ཡོད། གསོག་མཛོད་ཁུལ་དུ་བཟོ་པ་ཚོས་ས་མཐོའི་ཉི་འོད་ལ་མ་འཛེམས་པར་སིམ་འགོག་འགྱིག་ཤོག་ཞིབ་ཚགས་ངང་བཏིང་བ་དང་མཐུད་རྒྱག་གི་ཡོད། དེ་གར་གསོ་རླུང་འདུས་ཚད་ཐང་གཤོངས་ཀྱི་བཅུ་ཆ་དྲུག་ཀྱང་ཟིན་གྱི་མེད་པས་གོམ་པ་ཁ་ཤས་ལས་མ་སྤོས་ཀྱང་དབུགས་ཧལ་གྱི་ཡོད་མོད། ལས་མཚམས་འཇོག་མཁན་གཅིག་ཀྱང་མེད། བདེ་འཇགས་བས་ལས་སྒྲུབ་བྱ་ཡུལ་དུ་རིམ་པ་བཞིན་སྐོར་ཞིབ་བྱེད་པ་དང་དུས་ཆེན་རིང་སྐོར་ཞིབ་བྱེད་ཐེངས་མང་དུ་བཏང་སྟེ་བདེ་འཇགས་ཀྱི་འགག་སྒོ་ནན་པོ་སྲུང་གི་ཡོད། རྣམ་གྲངས་པུས་ཉིན་ལྟར་ལས་བཟོའི་ཁྲག་ཤེད་དང་ཁྲག་དབྱང་འདུས་ཚད་འཇལ་བ་དང་རང་སྐྱོབ་ཡོ་བྱད་ལ་བརྟག་དཔྱད་བྱས་ནས་འཐབ་ས་དང་པོའི་ཨར་སྐྲུན་པའི་ཚེ་སྲོག་བདེ་ཐང་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཡོད།

    ཨེ་ཤེ་ཡའི་ས་བབ་མཐོ་ཤོས་དང་མཛོད་ཤོང་གཞི་ཁྱོན་ཆེ་ཤོས་ཀྱི་གཏེར་སྙིགས་གསོག་མཛོད་དེ་བསྐྲུན་རྗེས་གཏེར་རྡོ་སྔོག་འདེམས་གཞི་ཁྱོན་ཉིན་རེར་ཏུན་ཁྲི་20མང་དུ་ཕྱིན་ནས་ཁོར་ཡུག་སྦགས་བཙོག་ཉུང་དུ་ནུས་ལྡན་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་བྱེད་པ། གཏེར་ལས་དཔལ་འབྱོར་གསར་སྤེལ་ལ་སྐུལ་ཁྲིད་བཅས་བྱས་ཏེ་ས་གནས་དེ་གའི་གྲོང་གསེབ་དར་རྒྱས་ལ་སྒུལ་ནུས་གསར་པ་སྣོན་རྒྱུ་རེད། རྣམ་གྲངས་དེས་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་བདེ་འཇགས་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ཁུངས་ནུས་ཆེའི་ངང་བེད་སྤྱོད་སྤྱི་འདོམས་བྱས་ནས་གཏེར་ལས་གསར་སྤེལ་བྱ་རྒྱུ་དེ“ཐོན་ཁུངས་སྔོག་འདོན”ཁོ་ན་མིན་པར་ས་གནས་ཀྱི་ཐོན་ལས་ལ་སྐུལ་ཁྲིད་དང་གྲོང་གསེབ་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་བའི་འདེགས་སྐྱོར་དུ་འགྱུར་བར་བྱེད་ཀྱི་ཡོད། ལྗང་མདོག་གཏེར་ལས་དང་། སྐྱེ་ཁམས་བཅོས་སྐྱོང་། ལེ་ལག་ཚང་བའི་ཞབས་ཞུ་སོགས་ཀྱི་འཁོར་སྦྲེལ་རིམ་བཞིན་སྣུར་སྲིང་བྱས་པ་དང་བསྟུན་ནས་མཐའ་འཁོར་གྱི་གྲོང་གསེབ་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་ཐོབ་རྒྱུ་རེད།

    ས་ཡུལ་དངོས་སུ་འགན་ཁུར་བས“ ལས་གྲྭ་ཏན་ཏིག་ངང་བསྐྲུན་ནས་དུས་ཐོག་ཏུ་རྩིས་སྤྲད་ཚེ་གཏེར་རིའི་ཁོར་ཡུག་སྲུང་སྐྱོང་དང་བདེ་འཇཌ་གཞི་ནས་འགན་ལེན་ཐུབ་པ་དང་ས་གནས་དེ་གའི་ཐོན་ལས་དར་རྒྱས་ལ་གཞི་ནས་རྨང་གཞི་བརྟན་པོ་ཞིག་བཏིང་ཐུབ་པ་དེ་ནི་ང་ཚོས་འབད་འཐབ་བྱེད་པའི་དོན་སྙིང་དེ་རེད”ཅེས་བཤད།

    གངས་ལྗོངས་ས་མཐོར་གྲང་རླུང་སྔར་བཞིན་ལྡང་བ་དང་། ཨར་སྐྲུན་པ་ཚོས་ས་བབ་སྨི་5000ལྷག་ཙམ་ཡོད་པའི་གྲོག་རོང་དུ་དཀའ་སྤྱད་འབད་འཐབ་ངང་བསྐྲུན་པ་ནི་གཏེར་སྙིགས་གསོག་མཛོད་ཙམ་ཡིན་པ་མ་ཟད། ས་མཐོའི་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་གཏོང་བའི་ལམ་བུ་གསར་པ་དེ་བས་རེད། ཁོང་ཚོས་བབ་ཆགས་པའི་བློས་གཏོང་ལ་བརྟེན་ནས་གངས་ལྗོངས་ཀྱི་གྲོང་གསེབ་ཏུ་སྐྱེ་ཁམས་སྔོན་འཇོག་དང་ཐོན་ལས་དར་རྒྱས་ཀྱི་རེ་བའི་ལམ་བུ་ཞིག་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།