“གནམ་ལ་བརྟེན་ནས་ཕྱུགས་འཚོ་བ”ནས“ཚན་རྩལ་ལ་བརྟེན་ནས་ཐོན་ལས་དར་བའི”བར།
——མལ་གྲོ་གུང་དཀར་རྫོང་དུད་འབྱོར་གསོ་ཚགས་རྣམ་གྲངས་ཀྱིས་ཐོན་ལས་དར་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱས་པའི་སྐོར་བཀོད་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་འབྲི་གཡག་ཐོན་ལས་འགག་གནད་སྒྲོལ་སར་བྱས་ཏེ། སྒོར་ཁྲི་1072ཀྱི་ནོར་སྲིད་ཆེད་སྤྱོད་མ་དངུལ་གནད་སྨིན་ངང་དུད་ཚང་ལ་སྤྲད་དེ། གཟི་ཕུག་དང་། རི་མདོ་སྒང་། བཀྲ་ཤིས་སྒང་བཅས་གཙོ་གནད་གྲོང་ཚོ་3ལ་འབྲི་གཡག་དུད་འབྱོར་ཚད་ལྡན་ཅན་གྱི་གསོ་ཚགས་རྣམ་གྲངས་ལག་ལེན་བསྟར་ཡོད། བྱ་ཐབས་དེ་ལས་དུད་ཚང་སྟོང་ལྷག་ཙམ་གྱི་ཞིང་འབྲོག་པར་དངོས་དངོས་རྗེན་རྗེན་གྱི་ཁ་གསབ་རག་པ་མ་ཟད། ལམ་སྲོལ་གསར་གཏོད་དང་ལག་རྩལ་ཞབས་ཞུ་བརྒྱུད་ས་མཐོའི་འབྲོག་ཁུལ་གྱི་ཐོན་ལས་དར་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱས་ཡོད།
དུད་ཚང་སྟོང་གི་འབྲོག་པར་ཕན་པ་ཐོབ།
ད་ལོ་དཔྱིད་ཀ་ཤར་རྗེས། གཟི་ཕུག་གྲོང་ཚོའི་ཡུལ་མི་ཚེ་རིང་དབང་འདུས་ཀྱི་ཁྱིམ་དེ་གྲོང་ཚོའི་ནང་གི་རྣམ་གྲངས་རེ་ཞུ་བྱེད་མཁན་ཁག་ཐེངས་དང་པོའི་ཕན་པ་ཐོབ་མཁན་གྱི་དུད་ཚང་དུ་གྱུར་ཡོད། ནོར་སྲིད་ཀྱི་གྲངས་བཅད་ཁ་གསབ་དང་ཞིང་པའི་དུད་ཚང་རང་གྲབས་ཟུང་འབྲེལ་གྱི་རྣམ་པ་གཞིར་བཟུང་། ཁོང་ལ་སྒོར་ཁྲི་10ཡི་ནོར་སྲིད་ཁ་གསབ་རག་པ་དང་། རང་ཉིད་ཀྱིས་སྒོར་ཁྲི་1ལས་བཏོན་དགོས་མ་བྱུང་བར་ཕྱུགས་ཁྱུ་གསར་སྒྱུར་ཐུབ་ཡོད། ཁོང་དང་འདྲ་བར། གཟི་ཕུག་གྲོང་ཚོ་དང་། རི་མདོ་སྒང་གྲོང་ཚོ། བཀྲ་ཤིས་སྒང་གྲོང་ཚོ་བཅས་ཀྱི་དུད་ཚང་སྟོང་ལྷག་ཙམ་གྱི་ཞིང་འབྲོག་པ་ཚང་མར་ཐོན་ལས་དེ་ལས་ཕན་པ་ཐོབ་ཡོད།
རྣམ་གྲངས་ལག་ལེན་བསྟར་བའི་དུས་འགོར། མལ་གྲོ་གུང་དཀར་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལས་བྱེད་པ་བཀྲ་ཤིས་དོན་གྲུབ་ཀྱིས་ལས་དོན་རུ་མི་ཁྲིད་དེ་གཙོ་གནད་གྲོང་ཚོ་3ལ་བསྐྱོད་ནས། ཁྱིམ་ཚང་མི་རེ་ངོ་རེ་བྱས་ཏེ་མ་གྲངས་མཐིལ་རྟོགས་དང་། སྲིད་ཇུས་གླེང་བ། རྩིས་ཁ་གསལ་རྒྱག་པ་བཅས་བྱས་པ་རེད། “དང་ཐོག་མང་ཚོགས་ཀྱིས་ཁ་གསབ་ལག་ཏུ་རག་མི་ཐུབ་པའི་སེམས་ཁྲལ་བྱེད་ཀྱི་འདུག་ལ་འབྲི་གཡག་མི་འཕྲོད་པའི་སེམས་ཁྲལ་དེ་བས་ཀྱང་བྱེད་ཀྱི་འདུག”ཅེས་བཀྲ་ཤིས་དོན་གྲུབ་ཀྱིས་བརྗོད་པ་དང་། མང་ཚོགས་ཀྱི་སེམས་ཁྲལ་སེལ་ཆེད། ཁོ་ཚོས་འབྲོག་རར་ཚོགས་འདུ་འཚོགས་པ་དང་། མང་ཚོགས་ཀྱི་མདུན་དུ་རྩིས་རྒྱག་པ། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས“རང་གྲབས་བརྒྱ་ཆ་བཅུ་ཡན་དང་དུད་ཚང་གཅིག་ལ་ཁ་གསབ་མང་ཤོས་སྒོར་ཁྲི་བཅུ་རག་པའི”སྲིད་ཇུས་ཀྱི་མཐའ་ཚད་གསལ་བཤད་རྒྱག་པ་བཅས་བྱས་ཡོད། ཟླ་ཕྱེད་སོང་རྗེས། རང་འགུལ་ངང་མིང་ཐོ་འགོད་མཁན་གྱི་འབྲོག་པ་དང་ཐོག་མའི་སྐབས་ཀྱི་དུད་ཚང་བཅུ་གྲངས་ནས་དུད་ཚང་སྟོང་ཙམ་བར་མང་དུ་ཕྱིན་ཡོད། ད་ཆ། ནང་འདྲེན་བྱས་པའི་ཁག་ཐེངས་དང་པོའི་རྒྱུད་བཟང་འབྲི་མོར་རིམ་བཞིན་བེའུ་བཙས་པ་དང་ཡུལ་མི་ཚོས་གྲུང་ཤ་དོད་པའི་བེའུ་དེ་དག་མཐོང་སྐབས་དགའ་སྤྲོའི་སྣང་བ་ངང་གིས་འཆར་བཞིན་ཡོད།
ལམ་སྲོལ་གསར་གཏོད་བྱས་པས་ཕན་པ་ཐོབ།
རི་མདོ་སྒང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཡོངས་བསྒྲགས་འགྲེམས་པང་ཐོག་སྦྱར་བའི་རེའུ་མིག་ཤོག་ལྷེ་འགའ་ཡིས་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ཀྱི་ཡིད་དབང་བཀུག དུད་ཚང་རེ་རེས་ལོངས་སྤྱོད་ཐུབ་པའི་རྒྱུད་སྤེལ་མོ་ཕྱུགས་ཀྱི་ཁ་གསབ་དངུལ་འབོར་དང་། འབྲི་གཡག་ནང་འདྲེན་བྱེད་གྲངས། ཞིབ་བཤེར་རྩིས་ལེན་གྱི་འབྲས་བུ་བཅས་གསལ་པོ་མཐོང་རྒྱུ་ཡོད། གྲོང་ཚོ་ཨུ་ལྷན་གྱི་ལས་དོན་མི་སྣ་པ་སངས་ཀྱིས་གསར་འགོད་པར“ཁ་གསབ་ཚང་མ‘གཱ་གཅིག་ཀུན་འཐུས’བརྒྱུད་ཐད་ཀར་མང་ཚོགས་ཀྱི་རྩིས་ཁྲའི་ནང་བླུཌ་ཀྱི་ཡོད། དངུལ་སྐར་མ་གཅིག་ཀྱང་བཅད་ཉར་བྱེད་ཀྱི་མེད”ཅེས་བརྗོད།
གསར་འགོད་པར་ཤེས་རྟོགས་བྱུང་བར། རྣམ་གྲངས་དེས“ཆེད་དོན་རྩིས་ཐོ་ཞིབ་རྩིས་དང་ཆེད་དངུལ་ཆེད་སྤྱོད”ལག་བསྟར་ནན་ཏན་བྱས་ཤིང་། གྲོང་ཚོ་3པོ་སོ་སོར་བཏང་བའི་མ་དངུལ་སྒོར་ཁྲི་400དང་། སྒོར་ཁྲི་72 སྒོར་ཁྲི་600བཅས་ཚང་མ་རྫོང་རིམ་པའི་ཐོན་ལས་ཆེད་སྤྱོད་མ་དངུལ་ནང་བླུགས་ནས་གཅིག་གྱུར་དོ་དམ་བྱེད་ཀྱི་ཡོད། དེའི་ཁྲོད། 2025ལོར་རྫོང་ཡོངས་སུ་སྤྲད་པའི་རྒྱུད་སྤེལ་མ་ཕྱུགས་ཆེད་སྤྱོད་ཁ་གསབ་སྒོར་ཁྲི་265.44ཟིན་པ་དེ་དུད་ཚང་2894ཡི་ཞིང་འབྲོག་པར་ཕན་པ་བཏགས་ཤིང་། མགོ་ཕྱུགས་རེར་ལོ་ལྟར་སྒོར་300ཡི་ཚད་གཞི་ལྟར་དམངས་ཕན་ཞིང་ཕན་གྱི“གཱ་གཅིག་ཀུན་འཐུས”བརྒྱུད་ཐད་ཀར་རྩིས་ཐོའི་ནང་དངུལ་སྤྲོད་པ་དང་བརྒྱུད་རིམ་ཧྲིལ་པོ་ཕྱི་གསལ་ནང་གསལ་ཡིན་པ་རེད།
ནང་འདྲེན་བྱས་པའི་འབྲི་གཡག“གསོ་ཉར་ཐུབ་པ་དང་གསོ་ཚགས་ཡག་པོ་ཐུབ་པའི”འགན་ལེན་བྱ་ཆེད། རྫོང་དང་ཤང་གི་ཕྱུགས་ལས་ལག་རྩལ་པས་རྒྱུན་རྣམ་ཅན་ངང་གྲོང་ཚོའི་དུད་ཚང་དུ་བསྐྱོད་དེ། ཚན་རིག་དང་མཐུན་པའི་སྒོ་ནས་གཟན་ཆག་སྟེར་བ་དང་རིམས་ནད་འགོག་ཟོན་སོགས་ཀྱི་རྩལ་ནུས་དམར་ཁྲིད་བྱས་པ་དང་། ཡུལ་མི་ཚོས་ལག་རྩལ་པ་དེ་དག་ལ“འབྲི་གཡག་གི་བུ་རྫི”ཞེས་འབོད་ཀྱི་ཡོད། དེ་དང་དུས་མཚུངས། ནོར་སྲིད་མ་དངུལ་བཏང་ནས་ཉོས་པའི་འབྲི་གཡག་ཚང་མར་རྒྱུ་ནོར་ཟུར་བཙུགས་རྩིས་ཁྲ་བཟོས་ཏེ། ལོ་3ནང་ཚུན་རང་དགར་ཐག་གཅོད་བྱེད་ཆོག་གི་མེད་པ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱིས་མཉམ་དུ་ཞིབ་བཤེར་རྩིས་ལེན་དང་ལོ་ལྟར་གྲངས་བཤེར་བྱས་ཏེ། འབྲི་གཡག་ཚང་མ་རྩིས་ཐོ་དོན་དངོས་དང་མཐུན་ཞིང་གནས་ཐང་སྲུང་འཕར་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད་པ་རེད།
དར་རྒྱས་ལམ་བུར་ལས་སྒྲུབ་ངར་ཤུགས་འཕེལ།
རང་བརྟེན་གསོ་ཚགས་དང་། མ་འཇོག་མཉམ་གཉེར། མཉམ་སྡེབ་ཚབ་བདག་སྟེ། གཉེར་སྐྱོང་བྱེད་སྟངས་སྣ་མང་མལ་གྲོ་གུང་དཀར་རྫོང་དུ་ཐོན་ཞིང་། མང་ཚོགས་ཀྱི་རང་ངོས་གནས་ཚུལ་གཞིར་བཟུང་གཉེར་སྐྱོང་བྱེད་སྟངས་མི་འདྲ་བ་གདམ་ག་བྱེད་ཀྱི་ཡོད། གྲོང་ཚོའི་མཉམ་སྡེབ་ཀྱིས་གཉེར་སྐྱོང་ཡོང་འབབ་ནས་བསྡུར་ཚད་ངེས་ཅན་གྱི་མ་དངུལ་འཐེན་ནས་ལམ་བཟོ་དང་། ཟམ་རྒྱག དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བཅས་བྱེད་པར་སྤྱོད་ཀྱི་ཡོད་པ་དང་། དངུལ་ལྷག་མ་དག་མུ་མཐུད་ཐོན་ལས་རྒྱ་སྐྱེད་དང་ཐོན་སྐྱེད་བསྐྱར་མར་གཏོང་གི་ཡོད། གཟི་ཕུག་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་གྱིས“ད་ལོ་གྲོང་ཚོའི་མཉམ་སྡེབ་ལ་སྔོན་དཔག་ལྟར་ན་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་རག་གི་འདུག མང་ཚོགས་ལ་ཡོང་འབབ་བགོ་འགྲེམས་རྒྱག་ཐུབ་ལ་གྲོང་ཚོའི་ནང་སྤྱི་ཕན་གྱི་བྱ་གཞག་འགའ་ཡང་སྒྲུབ་ཐུབ་པས། ཚང་མའི་ལས་སྒྲུབ་ཀྱི་ངར་ཤུགས་ཆེན་པོ་འདུག”ཅེས་བཤད།
མང་ཚོགས་ལ་ཕན་འབྲས་དངོས་ཐོན་པ་དང་། མཉམ་སྡེབ་ཀྱིས་རྒྱུ་དངོས་གསོག་འཇོག་ཐུབ་པ། ཐོན་ལས་ལ་མདུན་ལམ་ཡོད་པ། བལྟས་ན“འཇུག་སྒོ་ཆུང་ཆུང”ཡིན་པའི་དུད་འབྱོར་གསོ་ཚགས་རྣམ་གྲངས་དེས་ས་མཐོའི་འབྲོག་ཁུལ་གྱི་ཐོན་སྐྱེད་བྱེད་སྟངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་ལ་རིམ་གྱིས་འགྱུར་ལྡོག་གཏོང་བཞིན་ཡོད། འབྲོག་པ་རྣམས“སྒུག་རྟེན་སློང་གསུམ”ནས“རང་འགུལ་ལས་སྒྲུབ”ཀྱི་ཕྱོགས་སུ་སྒྱུར་བ་དང་། “རྐྱང་རྒྱུག་རྐྱང་འཐབ”ནས“ཁྱུ་སྒྲིག་འཕེལ་རྒྱས”ཕྱོགས་སུ་བསྐྱོད་ནས། ནང་སྐྱེས་སྒུལ་ནུས་གང་ལེགས་འདོན་སྤེལ་ཐུབ་ཡོད།
“གནམ་ལ་བརྟེན་ནས་ཕྱུགས་འཚོ་བ”ནས“ཚན་རྩལ་ལ་བརྟེན་ནས་ཐོན་ལས་དར་བའི”བར་དང་། “ཁ་ཐོར་དང་། སྟོབས་ཆུང་། ཉམས་ཞན”བཅས་ནས“རྩེར་སོན་དང་། ཕུལ་བྱུང་། སྟོབས་ཆེན”བཅས་ཀྱི་བར། མལ་གྲོ་གུང་དཀར་རྫོང་གིས་གོམ་པ་རེ་རེ་བཞིན་གྲོང་གསེབ་དར་རྒྱས་ཀྱི་འཆར་འགོད་དཔེ་རིས་དེ་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་ཚོར་ཐུབ་པའི་བདེ་སྐྱིད་དངོས་སུ་གྱུར་བར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།