དབུ་ཤོག>ཞིང་འབྲོག་གསར་པ།
  • གཏམ་རྒྱུད་བཞི་ལས་བོད་ཀྱི་བགྲང་བྱ་དོན་ལྔའི་འཕོ་འགྱུར་ཆེན་པོར་བལྟ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-21

    བགྲང་བྱ་75ཡི་གོང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ས་མཐོར་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཕྱེ་བ་དང་། དེ་རྗེས་དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་ཀྱི་འབྲུག་སྒྲ་ལྡིར་ནས་ལོ་ངོ་སྟོང་གི་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་བ་རེད། “རང་ཉིད་ཀྱི་གྲིབ་མ་ལས་གཞན་གང་ཡང་མེད་པའི”ཞིང་བྲན་ཁྲི་ཚོ་བརྒྱར་སླར་ཡང་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་བ་དང་། སྐེད་པ་འདྲོངས་ནས་རང་ཉིད་ལ་དབང་བའི་བདེ་སྐྱིད་ལྡན་པའི་འཚོ་བ་ཐེངས་དང་པོ་སྐྱེལ་རྒྱུ་བྱུང་ཡོད།

    དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་སྣེ་ཁྲིད་འོག གངས་ལྗོངས་ས་མཐོར་མཆོང་སྐྱོད་རླབས་པོ་ཆེ་བྱུང་བ་དང་ཡར་ལངས་ཞིང་བྲན་རྣམས་སྔ་ས་ནས་ཕ་མེས་ཚོས་རེ་སྒུག་བྱེད་པའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།

    སློབ་གསོ་དང་། རིག་གནས། ལས་ཞུགས། སྨན་བཅོས། རྒན་གསོ་ལ་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁྲལ་གནང་བའི་དམངས་འཚོའི་གནད་དོན་དེ་གར་ཐག་གཅོད་དོན་འཁྱོལ་བྱུང་ནས་དཔྱིད་དཔལ་བཞད་པ་ལྟར་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོ་སྐྱིད་སྦྱིན་ཡོད།

    ཉེ་ཆར། གསར་འགོད་པ་ཡངས་ཤིང་རྒྱ་ཆེ་བའི་ས་མཐོར་བསྐྱོད་ནས། བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དངོས་སུ་བརྒྱུད་མྱོང་བའི་རྒན་རྒོན་ཚོའི་ཞལ་ནས། ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་ལས་གངས་ལྗོངས་ས་མཐོར་དཔྱིད་དཔལ་རབ་ཏུ་བཞད་པའི་སྐོར་གསུངས་པར་ཉན།

    བུ་ཚེ་རིང་གི་གཏམ་རྒྱུད། ——

    “མི”ཞེས་པའི་རྒྱ་ཡིག་གི་ཡིག་འབྲུ་དེ་སྦྱོང་འགོ་ཚུགས་པ་ནས་མི་ལུས་ཤིག་བརྗེས་པ།

    ད་ལོ་ལོ་82ལ་སླེབས་པའི་བགྲེས་སོང་བུ་ཚེ་རིང་གིས་རང་ཉིད་ཀྱིས་ཤེས་པའི་རྒྱ་ཡིག་ཡིག་འབྲུ་དང་པོ“མི”ཞེས་པ་དེ་ཡིན་པ་ནམ་ཡང་བརྗེད་མེད།

    དཀའ་སྡུག་ཆེ་བའི་བྱིས་དུས་ལ་ཕྱིར་དྲན་བྱེད་སྐབས། བུ་ཚེ་རིང་གིས“བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་ང་ཚོ་ནི་མངའ་བདག་ལ་བརྟེན་པ་དང་མངའ་བདག་གིས་རང་དགར་ཐག་གཅོད་བྱེད་ཆོག་པའི་དངོས་པོ་ཞིག་ཡིན་པ་ལས་ཆ་ཚང་བའི་མི་ཞིག་ཏུའང་མི་བརྩི་བར་སྐྱེས་མ་ཐག་ནས་ལ་རྒྱ་དང་རེ་བ་གང་ཡང་མཐོང་མི་ཐུབ”ཅེས་མྱོང་ཚོར་ཟབ་མོས་བཤད།

    སྐབས་དེའི་བོད་རྙིང་པར་མི་འབོར་གྱི་95%ཡན་ཟིན་པའི་ཞིང་བྲན་དང་བྲན་གཡོག་གི་ཐོན་སྐྱེད་རྒྱུ་ཆ་ཡོངས་རྫོགས་འཕྲོག་པས་མི་ལུས་རང་དབང་ཞེས་པ་གླེང་ཐབས་བྲལ། སློབ་གསོ་ནི་དགོན་སྡེ་དང་མཐོ་རིམ་སྐུ་དྲག་གིས་སྒེར་སྡེམ་བྱས་པས་སྤྱི་ཚོགས་ཡོངས་སུ་ཡིག་རྨོངས་བ་95%ཟིན་ཡོད། རྒྱ་ཆེའི་ཞིང་བྲན་གྱིས་མི་རབས་ནས་མི་རབས་བར་ཡི་གེ་ན་ཙམ་དང་ཁྲིམས་ལུགས་གང་ཡང་མི་ཤེས་པས་རང་ཉིད་ལ་དབང་བའི་ཁེ་དབང་དེ་བས་ཤེས་ཐབས་མེད།

    བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ས་མཐོར་དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་རླུང་ལྡང་། ལས་དབང་གི་ལྕགས་སྒྲོག་ལས་ཐར་བའི་བུ་ཚེ་རིང་གཞི་ནས་རེ་སྒུག་ཆེན་པོ་བྱེད་པའི་སློབ་གྲྭར་འགྲོ་ཐུབ་ཡོད།

    “དགེ་རྒན་གྱིས་ང་ཚོར‘མི’ཞེས་པའི་རྒྱ་ཡིག་དེའི་གྲུབ་ཚུལ་གསལ་བཤད་བྱས་པ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ང་ཚོས་མགོ་བོ་བཏེགས་ཤིང་བྲང་ཁོག་ལྡིར་བ་དང་སྤོབས་པ་ཆེན་པོས་ཡར་ལངས་ནས་མི་ངོ་མ་ཞིག་བྱེད་ཐུབ་བྱུང”

    “མི”ཞེས་པའི་རྒྱ་ཡིག་དེ་ས་བོན་ཞིག་དང་འདྲ་བར་བུ་ཚེ་རིང་གི་སེམས་ནང་རྩ་བ་བརྟན་པོ་ཚུགས་ཡོད།

    ཡིག་ངོ་ཤེས་རྗེས་ཁོང་གིས་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱས། ཕྱིས་སུ་ཁོང་གིས་གཞིས་རྩེར་ཡིག་སྒྱུར་གྱི་ལས་ཀ་བྱས་པ་དང་། ལོ་49ལ་སླེབས་སྐབས་པེ་ཅིང་སློབ་ཆེན་དུ་དབྱིན་ཡིག་ཟབ་སྦྱོང་བྱེད་པར་བསྐྱོད། 2007ལོར་མི་ལོ་དྲུག་ཅུར་སླེབས་པའི་ཁོང་གིས་གློག་ཀླད་གསོ་སྦྱོང་འཛིན་གྲྭར་ཞུགས་ཏེ་གློད་ཀླད་ཀྱི་རྨང་གཞིའི་བཀོལ་སྤྱོད་བྱེད་སྟངས་ཁོང་དུ་ཆུད།

    “ད་ལྟའི་རང་ཉིད་ནི་ཡིག་ངོ་གང་ཡང་མི་ཤེས་པའི་ལོང་བ་ལྟ་བུ་ཞིག་མིན་པར། སྲིད་ཇུས་ཤེས་པ་དང་ཕྱི་རོལ་གྱི་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་ཡང་ཤེས་རྟོགས་ཐུབ་ཀྱི་འདུག རང་ཉིད་འབྲེལ་ཟམ་ལྟ་བུར་གྱུར་ནས་ས་མཐོའི་ཡུལ་མི་ཚོའི་ཚབ་བྱས་ཏེ་སེམས་གཏམ་ཤོད་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་ཟབ་མོ་མི་རིགས་ཁག་གི་མང་ཚོགས་ལ་བརྒྱུད་སྤྲོད་ཀྱང་བྱེད་ཀྱི་ཡོད”ཅེས་བཤད།

    2021ལོར་བུ་ཚེ་རིང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བའི་དྲན་གསོ་ཁང་གི་འོས་འགན་འགྲེལ་བཤད་པར་གྱུར། བོད་མི་དམངས་ཀྱི་སེམས་ནང་གཏིང་ཟབ་ཟུག་པའི་དམིགས་བསལ་གྱི་ཉིན་མོ་སྟེ་ལོ་རེའི་ཟླ་3ཚེས་28འཆར་རིམ་བཞིན་ཁོང་གིས་རྟག་ཏུ་བོད་ཆས་ཆ་ཚང་ཞིག་བརྗེས་ནས་ཞོགས་པ་སྔ་པོ་ནས་དྲན་གསོ་ཁང་དུ་འགྲོ་གི་ཡོད། “མ་གཞི་འདས་ཟིན་པའི་ལོ་རྒྱུས་དེ་ནི་མི་རྣམས་སེམས་སྡུག་སྐྱེ་དགོས་པ་ཞིག་ཡོད་མོད། འོན་ཀྱང་ང་ཚོས་ལོ་རྒྱུས་དེ་གཏན་ནས་བརྗེད་མི་རུང་། དཀའ་སྡུག་གི་འཚོ་བ་དེ་ངས་དངོས་སུ་བརྒྱུད་མྱོང་ཡོད་སྟབས་དངོས་ཡོད་ཀྱི་འདས་དོན་མི་དེ་བས་མང་བར་ཤོད་པ་དང་རྗེས་རབས་པར་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་དགོས་པའི་བསླབ་བྱ་བྱེད་པའི་འོས་འགན་ཡོད”

    “མི”ཞེས་པའི་ཡིག་འབྲུ་དེ་ཐེངས་དང་པོ་ཤེས་པ་ནས་མི་ཚེ་དོན་སྙིང་དང་ལྡན་པ་ཞིག་སྐྱེལ་བའི་བར་གྱི་བུ་ཚེ་རིང་གི་མི་ཚེ་ནི་གངས་ལྗོངས་ས་མཐོར་འགྱུར་ལྡོག་ཆེན་པོ་བྱུང་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད་ལ། ཞིང་བྲན་ཁྲི་ཚོ་བརྒྱར་རང་ལུས་ལ་བཅིངས་འགྲོལ་ཐོབ་པ་ནས་བསམ་པའི་གོ་རྟོགས་སད་པའི་བར་གྱི་གསོན་ཉམས་དོད་པའི་བདེན་དཔང་ཞིག་དེ་བས་རེད།

    སློབ་སྦྱོང་བྱ་ཡུལ་མེད་པ་ནས་རིག་གནས་ལ་གོང་བཀུར་དང་དར་སྤེལ་གཏོང་བའི་བར་དང་། ཡིག་རྨོངས་བ་95%ལྷག་ཙམ་ནས་ལོ་15ཡི་གཞུང་གྲོན་སློབ་གསོ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་བར། བགྲང་བྱ་དོན་ལྔའི་རིང་འབད་འབུངས་མདུན་སྐྱོད་བྱས་པས་བོད་དུ་དེང་རབས་སློབ་གསོའི་མ་ལག་ཆ་ཚང་ཞིག་བསྐྲུན་ཚར་བས་ས་མཐོའི་སློབ་མ་མི་རབས་ནས་མི་རབས་ལ་ཕན་པ་ཐོབ་ཡོད།

    “ད་ཆའི་བོད་དུ་ཧང་སངས་དགོས་པའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད”ཅེས་བུ་ཚེ་རིང་གིས་སེམས་གཏིང་གི་སྐད་ཆ་བཤད།

    ཉི་མ་དབང་ཕྱུག་གི་གཏམ་རྒྱུད། ——

    སྔ་ཕྱིའི་འཕོ་འགྱུར་མཚོན་པའི་འཇུ་བྲོ་རྒྱུན་འཛིན་བྱས་པ།

    རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་བོད་ཀྱི་འཇུ་བྲོའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས། ལོ་བརྒྱད་ཅུར་སླེབས་པའི་བགྲེས་སོང་ཉི་མ་དབང་ཕྱུག་སྔར་བཞིན་སྐུ་ཉམས་དོད་པ་དང་གཟབ་བརླིང་བག་ཕེབས་ཀྱི་སྟངས་སྟབས་སྒྱུར་སྐབས་དེ་བས་ཐུན་མོང་མ་ཡིན་པའི་ཉམས་འགྱུར་མངོན།

    ལོ་ངོ་སྟོང་ཕྲག་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་འཇུ་བྲོ་ནི་ས་མཐོའི་དམངས་སྲོལ་གྱི་གདོད་མའི་རྣམ་པའི་རིག་གནས་ཀྱི་འགྱུར་རྡོ་གསོན་པོ་ཞིག་ཡིན་མོད། འོན་ཀྱང་མུན་ནག་གི་བོད་རྙིང་པར་སྒྱུ་རྩལ་དེ་གར་མཁན་ལ་མི་དབང་པར་དབང་ཆ་ཡོད་མཁན་གྱི་ལོངས་སྤྱོད་བྱ་ཡུལ་འབའ་ཞིག་ཏུ་གྱུར་ཞིང་། ཞིང་བྲན་གར་མཁན་ནི་གང་འདོད་དུ་སྐུལ་བ་དང་ཁྲལ་ཚབ་ཏུ་སྤྱོད་པའི་ལག་ཆ་ཙམ་ཞིག་རེད།

    སྐབས་དེ་དུས་ལོ་ན་ཕྲ་བའི་ཉི་མ་དབང་ཕྱུག་ནི་མངའ་བདག་གིས་རང་དགར་བྲན་དུ་བཀོལ་བའི་ཞིང་བྲན་ཞིག་ཡིན་པ་དང་བྲོ་འཁྲབ་པ་ནི་ཁྲལ་འུ་ལག་རྒྱུག་པ་རང་རེད། “དེ་སྔ་དགོན་སྡེར་ཞབས་བྲོ་འཁྲབ་དོན་ནི་དཔྱ་ཁྲལ་འཇལ་རྗེས་རྩམ་པ་གྲོད་པ་རྒྱགས་ཙམ་ཞིག་རག་ཆེད་ཡིན་ཞིང་། མཐོ་སར་བསྡད་པའི་མངའ་བདག་གིས་ཟུར་ནས་ལྟ་བ་དང་གཞས་གདངས་དང་ཞབས་བྲོའི་སྟངས་སྟབས་ལ་ནོར་འཛོལ་ཕྲན་བུ་ཤོར་ཚེ། ལྟོ་ཆས་མི་རག་པའི་ཁར་ད་དུང་ཉེས་རྡུང་དང་ཆད་པ་ཕོག་གི་ཡོད”ཅེས་སྔོན་ཆད་ལ་ཕྱིར་དྲན་བྱེད་བཞིན་བགྲེས་སོང་གིས་སེམས་སྡུག་ཆེན་པོས་དེ་ལྟར་བཤད།

    བྲོ་ཁྲལ་རྒྱུག་པའི་ལོ་མང་རིང་ཉིན་ལྟར་སེམས་མི་སྐྱིད་པའི་ནང་དུས་འདའ་བ་དང་། སྤྲོ་སྣང་འཕེལ་འོས་པའི་རྔ་སྒྲ་དེ་ཁོང་གི་སེམས་ནད་ལྕི་པོ་ཞིག་དང་བདེ་རྩལ་འཁྱུག་པའི་སྟངས་སྟབས་དེ་མི་ལུས་རང་དབང་གི་ལྕགས་སྒྲོག་ལྟ་བུར་གྱུར་ཡོད།

    དམངས་གཙོའི་བཅོས་སྒྱུར་བཏང་བ་ལས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་འགྲོ་འགོ་ཚུགས། ལོ་དེར་གུང་ཁྲན་ཏང་གིས་ཉི་མ་དབང་ཕྱུག་གི་ཁྱིམ་ལ་འབྲུ་རིགས་དང་། ས་ཞིང་། ཁང་པ་བཅས་བགོ་བཤའ་བརྒྱབ་པས། མི་རབས་ནས་མི་རབས་བར་མངའ་བདག་ལ་བརྟེན་དགོས་པའི་དཀའ་སྡུག་གི་འཚོ་བ་མཇུག་འགྲིལ་ཡོད། ཞིང་བྲན་ཁྲི་ཚོ་བརྒྱ་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་དང་བསྟུན་ནས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བྲོ་ལའང་གསོན་ཤུགས་གསར་པ་་རྒྱས་འགོ་ཚུགས།

    དེ་རྗེས་ཉི་མ་དབང་ཕྱུག་རིག་རྩལ་རུ་ཁག་ལ་ཞུགས་པ་དང་ཞབས་བྲོ་འཁྲབ་པ་ནི་ཟོལ་མེད་གཞུང་དྲང་གི་འཚོ་བ་སྐྱེལ་སྟངས་ཤིག་ཡིན་པ་ཐེངས་དང་པོ་ཚོར་བ་སྟེ། “སྔོན་ཆད་འཇུ་བྲོ་འཁྲབ་པ་ནི་མངའ་བདག་ལ་ཁྲལ་འུ་ལག་རྒྱུག་པ་ཞིག་ཡིན་པ་དང་། ད་ཆ་ཡུལ་མི་ཚོའི་ཆེད་འཁྲབ་སྟོན་བྱེད་པ་ཞིག་ཡིན་པས། དུས་དེར་ངས་ཞབས་བྲོ་འཁྲབ་པ་ནི་སྤོབས་སེམས་སྐྱེ་འོས་པའི་བྱ་བ་ཞིག་ཡིན་པའི་མྱོང་ཚོར་གཞི་ནས་བྱུང”

    2014ལོར་འཇུ་བྲོ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་བདེ་བླག་ཚུད་དེ་བརྒྱུད་རིམ་ལྡན་པའི་སྲུང་སྐྱོང་དང་དམངས་ཡོངས་ཀྱིས་མཉམ་སྤྱོད་བྱེད་པའི་མི་རིགས་རིག་གནས་ཀྱི་མཆོག་ནོར་དུ་གྱུར་ཡོད། ལོ་མང་རིང་རྒན་རྒོན་གྱིས་སེམས་ནུས་ཡོད་རྒུ་བཏོན་ནས་འཇུ་བྲོའི་ན་གཞོན་རྒྱུན་འཛིན་པ་80ལྷག་ཙམ་གསོ་སྐྱོང་བྱས་པ་དང་། སློབ་གྲྭར་མངོན་མིན་རིག་གནས་ཤུལ་བཞག་ཁྱབ་གདལ་དང་གཞི་རིམ་དུ་སྤྱི་ཕན་འགྲེམས་འཁྲབ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ་བོད་ཀྱི་ས་མཐོའི་གནའ་བོའི་འཇུ་བྲོ་དེ་རི་ཁུག་ནས་རྒྱལ་ཡོངས་ཀྱི་གར་སྟེགས་སུ་འཁྲབ་ཐུབ་པ་བྱུང་ཡོད།

    “ད་ཆ་ཞབས་བྲོ་ནི་འཚོ་བའི་ཁྲོད་ཀྱི་བདེ་སྐྱིད་ཅིག་དང་དགའ་ཞེན་ཆེ་བའི་བསམ་པའི་དགའ་ཕྱོགས་སུ་གྱུར་ཡོད” ཉེ་འགྲམ་གྱི་བློ་རྩེ་གཅིག་སྒྲིམ་ངང་སྒྱུ་རྩལ་སློབ་སྦྱོང་བྱེད་བཞིན་པའི་ཕྲུ་གུ་དང་དགེ་ཕྲུག་ལ་ལྟ་སྐབས་ཉི་མ་དབང་ཕྱུག་གིས་རེ་བ་ཆེན་པོ་འཆང་བཞིན། “ཁྱེད་ཚོ་དུས་རབས་ཡག་ཤོས་སུ་སྐྱེས་པས་ཆ་རྐྱེན་ཡག་པོ་འདིར་གཅེས་སྤྲས་བྱེད་དགོས་ལ། ད་ཆའི་བདེ་སྐྱིད་དང་གོ་སྐབས་ལའང་དེ་བས་གཅེས་སྤྲས་བྱེད་དགོས”ཞེས་བཤད།

    པད་མའི་གཏམ་རྒྱུད། ——

    འཁལ་འཐག་ལ་བརྟེན་ནས་རང་གི་ཕུགས་འདུན་མངོན་འགྱུར་བྱས་པ།

    གཞིས་རྩེ་པ་སྣམ་རྫོང་དབང་ལྡན་ཤང་བཟང་པ་གྲོང་ཚོའི་བོད་བཟོའི་སྒོ་ར་ཞིག་ནང་སྣམ་བུ་འཐག་པའི་སྒྲས་ཁེངས་ཤིང་། མི་རབས་གསུམ་འཁེལ་འཐག་ལག་ཤེས་ཀྱི་ལས་ལ་གཞོལ་བའི་པད་མའི་ངོས་ནས་བརྗོད་ན། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་རྒྱུ་སྤུན་དེ་ནི་དཀའ་སྡུག་དང་འཚོ་བ་གསར་པའི་བདེན་དཔང་ཞིག་ཡིན་ལ། དེ་ལས་གངས་ལྗོངས་ས་མཐོའི་དམངས་འཚོའི་འགྱུར་ལྡོག་ཆེན་པོ་དེ་བས་མངོན་ཡོད།

    “རྨོ་བོ་ལགས་དཀའ་ལས་ཁག་ན་ཏོག་ཙམ་ངལ་གསོ་སྐྱོན”ཞེས་བློ་རྩེ་གཅིག་སྒྲིམ་གྱིས་སྣམ་བུ་འཐག་བཞིན་པའི་རྨོ་བོ་ལགས་ལ་ཚ་མོ་པད་དབྱངས་ཀྱིས་སྐད་ཤུགས་ཆུང་ངུས་དེ་ལྟར་བཤད། ལོ་བདུན་ཅུ་ལྷག་ཟིན་པའི་བགྲེས་སོང་པད་མས“དཀའ་ལས་ཁག་གི་མི་འདུག སོ་སོའི་ཆེད་དུ་ལས་ཀ་བྱས་ན་དཀའ་ལས་གང་ཡང་ཁག་གི་མི་འདུག”ཅེས་བབ་ཆགས་པའི་སྐད་ཆ་ལས་མི་རབས་གཉིས་ཀྱི་གཏན་ནས་མི་འདྲ་བའི་སྐྱིད་སྡུག་འཚོ་བ་མཚོན།

    “སྤྱི་ཚོགས་རྙིང་པར་སྣམ་བུ་འཐག་པ་ནི་ཞིང་བྲན་ལ་སྐུལ་བའི་ཁྲལ་འུ་ལག་ཅིག་རེད” བོད་རྙིང་པའི་ཞིང་བྲན་ཞིག་ཡིན་པའི་ཡུལ་མི་རྒན་གྲས་པད་མས་ངལ་རྩོལ་ཚད་མེད་བྱེད་དགོས་པའི་དཀའ་སྡུག་གི་ལོ་ཟླ་བརྒྱུད་མྱོང་ཡོད།

    ཆུང་བྱིས་པའི་དུས་སུ་ཁོང་གིས་ཨ་མ་དང་མཉམ་དུ་ཉིན་མཚན་བལྟོས་མེད་བཏགས་པའི་སྣམ་བུ་ཚང་མ་གཞིས་ཀའི་བདག་པོར་རྩིས་འབུལ་ཞུ་དགོས་པ་དང་། མ་སྨད་གཉིས་ཀྱིས་ནུས་ཤུགས་ཡོད་རྒུས་ཉིན་གང་ངལ་རྩོལ་བྱས་པར་རྩམ་པ་ཕོར་པ་གང་ལས་རག་གི་མེད་པས་ལྟོ་གོས་གཏན་ནས་འཕྱིད་ཀྱི་མེད། “སྐབས་དེ་དུས་ལག་ནང་གི་རྒྱུ་སྤུན་གྱིས་བཏགས་པ་ནི་སྣམ་བུ་མིན་པར་དེ་ནི་ཞིང་བྲན་གྱི་ངལ་དུབ་དང་དཀའ་སྡུག་རེད”

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས་པད་མའི་ཁྱིམ་གྱིས་འཚོ་བ་གསར་རྐྱང་སྐྱེལ་འགོ་བརྩམས།

    སྐབས་དེ་དུས་ལོ་ན་ཆུང་བའི་ཁོ་མོས་ལས་དབང་གི་འགྱུར་ལྡོག་ཆེན་པོ་དེ་སེམས་ལ་བརྟན་པོར་ངེས་ཡོད། མི་སེར་ལ་གཉའ་གནོན་གཏོང་བའི་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་བཏང་བ་དང་བསྟུན་ནས་ཁོ་མོའི་ཁྱིམ་ལ་ཁང་པ་དང་ས་ཞིང་བགོ་བཤའ་བརྒྱབ་ཡོད། ཨ་མས་ལོ་འཁོར་མོར་མངའ་བདག་ལ་སྣམ་བུ་བཏགས་པའི་འཐག་ཁྲི་རྙིང་པ་དེ་གཞིས་ཀ་ནས་རང་ཁྱིམ་གྱི་སྒོ་རར་སྤོ་བཞིན། “རྗེས་སུ་ང་ཚོས་བཏགས་པའི་སྣམ་བུ་འདོམ་གང་ལས་མེད་ཀྱང་ཚང་མ་ང་ཚོ་རང་ཉིད་ལ་དབང་བ་རེད”ཅེས་བཤད།

    ད་ཆ་འཁལ་འཐག་གི་ལས་ཀ་དེ་པད་དབྱངས་ལ་བརྒྱུད་སྤྲོད་བྱས་ཡོད། ཀྲུང་གུང་ཏང་ཡོན་དང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི། གྲོང་གསེབ་ཀྱི་ཐོན་ལས་སྣེ་ཁྲིད་པ་བཅས་ཡིན་པའི་ན་གཞོན་པད་དབྱངས་ལ་འཆར་གཞི་གསར་པ་ཞིག་ཡོད། “ངས་ལག་རྩལ་དེ་རྒྱུན་འཛིན་ཡག་པོ་བྱེད་པ་མ་ཟད། ད་དུང་མི་དེ་བས་མང་བར་ལག་རྩལ་དེ་སློབ་ཀྱི་ཡིན”ཞེས་པད་དབྱངས་ཀྱིས་བཤད།

    དུས་རབས་གསར་པའི་རླབས་རྒྱུན་ཁྲོད་ཡངས་ཤིང་རྒྱ་ཆེ་བའི་རི་ཀླུང་དང་འདུ་འཛི་ཆེ་བའི་གྲོང་ཁྱེར་བརྒྱུད་མྱོང་བ་དང་། ཕྱི་ཕྱོགས་སུ་སློབ་སྦྱོང་དང་ཟབ་སྦྱོང་གི་ཉམས་མྱོང་ལྡན་པའི་པད་དབྱངས་ཀྱི་རྒྱུན་འཛིན་དང་གསར་གཏོད་ཀྱི་ཆོད་སེམས་སྔར་བས་བརྟན་དུ་སོང་བ་སྟེ། “ངས་ཕ་མེས་ལ་གུས་བཀུར་དང་དུས་རབས་ལ་དྲིན་ཚོར་གྱི་བསམ་པ་བཅངས་ནས་ལག་ཤེས་རྙིང་པར་གསོན་ཤུགས་གསར་པ་འཕེལ་བར་བྱས་ཏེ་སྣམ་བུ་གཞིས་རྩེ་དང་ས་མཐོ་ནས་ཐོན་ཏེ་འཛམ་གླིང་གི་ཁྲོམ་རར་འདོན་གྱི་ཡིན”

    ཚེ་བདེ་སྐྱིད་ཀྱི་གཏམ་རྒྱུད། ——

    ལག་ཁྱེར་གཅིག་གིས་བདེ་སྐྱིད་ལྡན་པའི་འཚོ་བར་བདེན་དཔང་བྱས་པ།

    ལྷོ་ཁ་ཟངས་རི་རྫོང་གི་རྒན་གསོ་ཁང་གི་སྒོ་རའི་ནང་ཉི་འོད་རབ་ཏུ་འཕྲོས་ཤིང་། ཉི་འོད་འོག་ལོ་82ལ་སླེབས་པའི་རྒན་མོ་ཚེ་བདེ་སྐྱིད་ཀྱིས་ལག་ཏུ་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཁྱེར་ནས“བདེ་སྐྱིད་ལྡན་པའི་འཚོ་བ་ནི་གུང་ཁྲན་ཏང་གི་བཀའ་དྲིན་ཡིན། ནམ་ཡང་ཏང་གི་བཀའ་དྲིན་དྲན་པ་དང་ནམ་ཡང་ཏང་གི་རྗེས་སུ་འབྲང་གི་ཡིན”ཞེས་བཤད།

    “ཐོབ་ཐང་ལག་ཁྱེར་དེ་ནི་ངའི་བདེ་སྐྱིད་འཚོ་བའི་ལག་ཁྱེར་ཡིན” ཚེ་བདེ་སྐྱིད་ཀྱིས་རྒས་དུས་འཚོ་རྟེན་ཡོད་པའི་བདེ་སྐྱིད་ལྡན་པའི་ཚེ་མཇུག་ནི་སྔོན་ཆད་ཞིང་བྲན་ལམ་ལུགས་ཀྱི་འཆིང་རྒྱར་ཚུད་པའི་བོད་རྙིང་པའི་མང་ཚོགས་ཀྱི་བསམ་ཡུལ་ལས་འདས་པ་ཞིག་རེད་ཅེས་བཤད།

    ཚེ་བདེ་སྐྱིད་ཆུང་དུས་ནས་ཕ་མ་གཉིས་ཀ་གྲོངས་པས་ཆགས་ས་རྟེན་ས་མེད་པར་གྱུར་ཏེ་སློང་མོ་བྱས་ནས་འཚོ་བ་འཁྱོལ་ཐབས་བྱ་རྒྱུ་ལས་མ་འདས། “ཚེ་གང་བརྗེད་ཐབས་བྲལ་བ་ནི་གྲང་ངར་ཆེ་བའི་དགུན་ཁ་རེད། རང་ཉིད་ལ་དབང་བའི་ཁང་པ་མེད་སྟབས་ཁ་བ་བུ་ཡུག་ལ་གཡོལ་ཆེད་བ་ཚང་ནང་ཕྱུགས་རིགས་དང་མཉམ་དུ་དྲོད་ཁུག་ཐབས་བྱེད་ཀྱི་ཡོད”

    བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་ཞིང་བྲན་ནི་མངའ་བདག་གིས་གང་འདོད་ཉོ་ཚོང་བྱེད་པ་དང་། ནང་བཤུག་གཏོང་བ། ལག་རྟགས་སུ་སྤྲོད་པ་བཅས་བྱེད་ཆོག་པའི་སྒེར་ལ་དབང་བའི་རྒྱུ་ནོར་ཞིག་ཡིན་པ་དང་། གལ་སྲིད་གཉེན་ཉེ་མེད་ཚེ་ལོ་རྒས་ནས་ངལ་རྩོལ་ནུས་པ་ཤོར་སྐབས་འཁྱགས་ལྟོགས་ཀྱིས་མནར་ནས་འཆི་རྒྱུ་ལས་མ་འདས།

    “ངའི་ངོས་ནས་བརྗོད་ན་ཐོབ་ཐང་ལག་ཁྱེར་སྲབ་མོ་དེ་ནི་ཐོབ་ཐང་ལག་ཁྱེར་གྱི་ཤོག་བྱང་ཙམ་མིན་པར་དེ་ནི་མི་བདེན་པ་བདེན་ཐུབ་ཅིག་བྱེད་པའི་དཔང་རྟགས་ཁུངས་བཙན་ཞིག་རེད། མངའ་བདག་གིས་རང་དགར་ཐག་གཅོད་བྱས་ཆོག་པའི་སྒེར་གྱི་རྒྱུ་ནོར་ཞིག་ནས་ཁྲིམས་བཀོད་ཀྱི་ཁེ་དབང་ཡོད་པ་དང་མིའི་ཐོབ་ཐང་ཆ་ཚང་ཡོད་པའི་རྒྱལ་ཁབ་ཀྱི་སྤྱི་དམངས་བར་ལག་ཁྱེར་དེ་ལས་མི་སེར་དཀྱུས་མ་ཚང་མའི་སྒེར་གྱི་རིན་ཐང་ལ་བརྩི་འཇོག་བྱས་པ་མཚོན་གྱི་ཡོད།

    ད་ཆ་རྒན་མོ་ཚེ་བདེ་སྐྱིད་རྒན་གསོ་ཁང་དུ་རང་ཉིད་ཀྱི་ཚེ་མཇུག་སྐྱིད་ལ་རོལ་བཞིན་ཡོད། “དེ་གར་ལྟོ་གྲོད་པ་རྒྱགས་པ་དང་ལྟོ་ཡག་པོ་ཞིག་བཟའ་རྒྱུ་ཡོད་པ་མ་ཟད། ད་དུང་ལྟོ་དུས་ཚང་མར་མར་དང་རྩམ་པ་ཡོད། ལས་ཀ་མེད་དུས་སྒོ་རའི་ནང་རྒན་རྒོན་ཚོ་དང་མཉམ་དུ་ཉི་མ་སྲོ་བ་དང་། ཅི་འཕྲོས་མོལ་འཕྲོས་བྱེད་པ། སྒོར་གཞས་འཁྲབ་པ་བཅས་བྱས་ནས། དགའ་དགའ་སྐྱིད་སྐྱིད་ཀྱི་འཚོ་བ་ཞིག་སྐྱེལ་བཞིན་ཡོད”

    དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པའི་རྒན་གསོ་ཐ་སྐྱོང་དང་། སྨན་བཅོས་འགན་ལེན། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་སྲིད་ཇུས་ཆ་ཚང་ཞིག་གིས་གངས་ལྗོངས་ས་མཐོར་དམངས་འཚོ་འགན་ལེན་གྱི་དྲ་བ་ཚགས་དམ་པོ་ཞིག་བསྐྲུན་ནས་ཚེ་བདེ་སྐྱིད་དང་འདྲ་བའི་རྒན་རྒོན་ཁྲི་སྟོང་མང་པོར་རྒས་དུས་འཚོ་རྟེན་ཡོད་པ་དང་ན་དུས་སྨན་བཅོས་ཐུབ་པར་བྱས་ཡོད།

    ལག་ཁྱེར་ཆུང་ཆུང་ཞིག་ལས་མི་ཧྲེང་རྒན་རྒོན་གྱི་ལས་དབང་ལ་འགྱུར་ལྡོག་ཕྱིན་པ་ཙམ་མ་ཟད། ཞིང་བྲན་ཁྲི་ཚོ་བརྒྱའི་མི་གཤིས་དང་ཁེ་དབང་སླར་ཡང་གཏན་འཁེལ་བྱས་པ་མཚོན་པ་དང་། ཐོབ་ཐང་སླར་གསོ་དང་། འགྲོ་བ་མིའི་ཐོབ་ཐང་ཡར་ཐོན། དམངས་འཚོའི་དྲོ་སྐྱིད་བཅས་ཀྱི་དཔང་པོའང་བྱས་ཡོད།

    གཏམ་རྒྱུད་ཁག་བཞི། མི་ཚེའི་ལམ་དུམ་བཞི། ཡིག་རྨོངས་ནས་ཡི་གེ་ཤེས་པའི་བར་དང་། འཆིང་རྒྱར་ཚུད་པ་ནས་བཅིངས་འགྲོལ་བཏང་བའི་བར། “དཀའ་ངལ་གྱི་གནས་སུ་གྱར་བ”ནས“ཕྱུག་པོར་གྱུར་པའི”བར། ཕྱི་ལོགས་སུ་བཟའ་སྡོད་བྱེད་པ་ནས་བདེ་སྡོད་ཁང་པའི་ནང་སྡོད་པའི་བར་བཅས་རྒན་རྒོན་བཞིའི་མི་ཚེའི་རྗེས་ཤུལ་ལས་འཛམ་གླིང་ཡང་རྩེའི་འཕོ་འགྱུར་ཆེན་པོ་མངོན་ཡོད།

    ལོ་བདུན་ཅུ་དོན་ལྔ་ཡི་ཆར་རླུང་ཁྲོད་གངས་ལྗོངས་ས་མཐོར་མི་ཡུལ་གསར་པ་བརྗེས། མི་ལུས་ལ་བཅིངས་འགྲོལ་ཐོབ་པ་ནས་བསམ་པའི་འཚོ་བ་ཕུན་སུམ་ཚོགས་པའི་བར་དང་། ལྟོ་གོས་དཀོན་པ་ནས་བདེ་སྡོད་ལས་བརྩོན་བར། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་ཐོག་ཏུ་འཁྱོལ་ནས་གངས་ལྗོངས་ས་གཞི་ཆེ་མོར་མི་རབས་ནས་མི་རབས་བར་ཉམས་མེད་ཉིན་བཞིན་འཕེལ་བའི་རྣམ་པ་གསར་པ་ཐོན་ཏེ་མི་ཚང་མར་དབང་བའི་བདེ་སྐྱིད་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་བཞིན་ཡོད།

    “ཏང་གི་རྗེས་སུ་འབྲངས་ཚེ། ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཞིམ་མངར་ཆང་དང་འདྲ་བར་ཇི་ཙམ་བཏུང་བ་དེ་ཙམ་གྱིས་བྲོ་བ་ཞིམ་དུ་འགྲོ་ཐུབ”ཅེས་བུ་ཚེ་རིང་གིས་བཤད་པའི་སྐད་ཆ་ལས་ས་མཐོའི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་གྱི་ཡོད།

    མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལི་ཁྲང་ཡུས། ལིའུ་པོ་ཐུང་། མི་དམངས་དྲ་བའི་གསར་འགོད་པ། ལི་ན། ཏེང་ཀྲི་ཧུའེ།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།