ཞོལ་རོང་གཙང་པོའི་ངོགས་ནས་གྲོང་གསར་གྱི་རྣམ་པ་མངོན།
—— ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྡར་འབྲུག་གྲོང་ཚོར་གནས་འཕྲོད་ལས་འཚམ་གྱི་འཕོ་འགྱུར་བྱུང་བ།
སྟོན་རླུང་དལ་བུར་ལྡང་ཞིང་། ཞོལ་རོང་གཙང་པོའི་གཞུང་དེད་དེ་མདུན་ཕྱོགས་སུ་སྐྱོད་སྐབས་ས་བབ་སྨི་4300ཟིན་པའི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་རྡར་འབྲུག་གྲོང་ཚོ་ས་མཐོའི་དྲོ་འཇམ་ཉི་འོད་འོག་དེ་བས་གཙང་ཞིང་ལྷིང་འཇགས་ངང་གནས་ཡོད། ཁོད་སྙོམས་པའི་གཞུང་ལམ་ཁྱིམ་ཚང་ཚང་མའི་སྒོ་འགྲམ་དུ་ཤར་གཏོང་ཐུབ་པ་དང་། ལམ་སྒྲོན་གྲལ་སྟར་འགྲིག་པ། གྲོང་རྣམ་གཙང་ཞིང་ཡིད་དུ་འོང་བ། ཡུལ་མི་བག་ཕེབས་ངང་སྐྱོད་པ། ཕྲུ་གུ་རྩེད་འཇོར་རོལ་བ་བཅས་དུས་བདེ་བག་ཕེབས་དང་འཆམ་མཐུན་གྱི་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་རིམ་བཞིན་མངོན།
མི་རིང་བའི་གོང་། ས་མཐོའི་གྲོང་ཚོ་འདི་ཉིད་ཀྱི་འགྲོ་ལམ་འདམ་རྫབ་ཀྱིས་ཁེངས་པ་དང་། བཙོག་ཆུ་གང་བྱུང་དུ་འབུད་པ། སྒྲིག་བཀོད་ཞན་པ་བཅས་ཀྱི་དཀའ་ངལ་འཕྲད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ད་ཆའི་འཕོ་འགྱུར་ནི་རྡར་འབྲུག་གྲོང་ཚོའི་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་དོན་འཁྱོལ་ལས་བྱུང་བ་ཞིག་རེད། དམངས་འཚོའི་སྒྱུར་བཀོད་ལས་གྲྭ་དངོས་ལག་ལེན་བསྟར་བ་ལས་གྲོང་ཚོའི་རྣམ་པར་རྦད་དེ་འགྱུར་ལྡོག་ཕྱིན་ནས། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་བསལ་ཏེ་ས་མཐོའི་ཞིང་འབྲོག་པའི་འཚོ་བ་ཉིན་རེ་ལས་མ་འདས་པར་སྐྱིད་སྣང་དོད་དུ་ཕྱིན་ཡོད།
ཞིང་འབྲོག་པའི་སྡོད་གནས་ཁོར་ཡུག་ལེགས་སུ་ཏན་ཏིག་གཏོང་བ་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་ཆེད།
ས་གནས་དེ་གས་གནད་སྨིན་ཤུགས་འདོན་དང་འབེན་གཏད་ཇུས་བསྟར་གྱིས་རྡར་འབྲུག་གྲོང་ཚོའི་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ཤིང་། རྣམ་གྲངས་དེ་2025ལོའི་ཟླ་5ཚེས་21ཉིན་དངོས་སུ་ལས་འགོ་ཚུགས་པ་དང་། 2026ལོའི་ཟླ་1ཚེས་15ཉིན་ཐོག་མའི་ཞིབ་བཤེར་རྩིས་ལེན་བྱས་ཤིང་། ཁྱོན་མ་དངུལ་སྒོར་ཁྲི་2910.78བཏང་ཡོད། སྒྱུར་བཀོད་ཀྱི་ནང་དོན་ནང་གྲོང་ཚོའི་འགྲོ་ལམ་འདིང་བ་དང་། ཚོན་ཁྲ་ཅན་གྱི་ལམ་ངོས་བཟོ་བ། ཁྱིམ་གྱི་སྒོ་རྩར་ཨར་འདམ་ལམ་འདིང་བ། སྤྱི་པའི་གསང་སྤྱོད་དང་ཆུ་ཕུམ་ཁང་གསར་དུ་སྐྲུན་པ། ལམ་གཞིའི་སྒྲོམ་སྐྱོར་དང་ཆུ་འབུད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཚུད་པ་དང་ཆབས་ཅིག ཟམ་པ་3ཉམས་བཟོ་སྒྱུར་བཀོད་དང་ཟམ་སྦུག་5གསར་སྐྲུན་དང་ལྷན་སྦྱར་སྒྲིག་བཀོད་སྒྲིག་སྦྱོར་ཟིན་ནས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཡོད།
“ད་ཆ་ཨར་འདམ་ལམ་ཁྱིམ་གྱི་སྒོ་རྩར་ཤར་གཏོང་ཐུབ་ལ། ཆུ་འབུད་མདོང་དྲ་ཚང་མ་དམིགས་སར་འབྱོར་ནས། ཕྱིར་སྐྱོད་དཀའ་བ་དང་བཙོག་འབུད་དཀའ་བ་སོགས་རྙིང་ཆེ་དཀའ་གསུམ་གྱི་གནད་དོན་རྦད་དེ་ཐག་གཅོད་ཐུབ་པས། སེམས་གཏིང་ནས་དགའ་ཚོར་ཆེན་པོ་སྐྱེ་ཡི་འདུག”ཅེས་རྡར་འབྲུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས་མྱོང་ཚོར་ཟབ་མོས་བཤད།
གྲོང་གསེབ་འཛུགས་སྐྲུན་ལས་ཕན་པ་ཐོབ་ནས་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་དེ་བས་སྐུལ་ཁྲིད་ཐུབ་ཡོད། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་། ས་གནས་དེས་གྲོང་ཚོ་དེ་རང་དང་དེ་བཞིན་ཉེ་འཁོར་གྱི་མང་ཚོགས་སྔོན་ལ་གླ་པར་བསྡུས་ནས་རིམ་རྩིས་བརྒྱབ་ན་ལས་གནས་235མཁོ་འདོན་བྱས་པ་དང་ངལ་ནུས་གླ་ཆ་སྒོར་ཁྲི་130སྤྲད་དེ་ཡུལ་མི་ཚོ་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་འབབ་འཕར་ཐུབ་ཡོད།
མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་ཕྱིན་པ་དང་ཆབས་ཅིག སྡོད་ཁང་གི་སྤུས་ཚད་ཀྱང་ལེགས་སུ་ཕྱིན་པ་ལས་ཞིང་འབྲོག་པའི་སྐྱིད་སྣང་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། མལ་གྲོ་གུང་དཀར་རྫོང་གི“དཔྱིད་རླུང”བྱ་སྤྱོད་ཀྱི་སྡོད་ཁང་སྤུས་ཚད་ལེགས་གཏོང་དང་སྒྱུར་བཀོད་ཀྱི་དམངས་ཕན་འདུ་འགོད་ལ་བརྟེན་ནས། རྡར་འབྲུག་གྲོང་ཚོས་ཞིང་འབྲོག་པ་རང་འགུལ་ངང་སྡོད་ཁང་སྒྱུར་བཀོད་རིམ་སྤོར་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་སྡོད་ཁང་གི་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་ཞིང་། མིག་སྔར། གྲོང་ཚོ་ཡོངས་ཀྱི་དུད་ཚང་44ཡི་མང་ཚོགས་སྡོད་ཁང་སྒྱུར་བཀོད་ལས་གྲྭར་ཞུགས་པའི་ནང་དུད་ཚང་21གི་མང་ཚོགས་སྡོད་ཁང་གསར་པར་སྤོས་པ་དང་དུད་ཚང་23གྱི་སྡོད་ཁང་སྒྱུར་བཀོད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད།
འཕོ་འགྱུར་དེ་དག་ལས་རྡར་འབྲུག་གྲོང་ཚོའི་གནས་འཕྲོད་ལས་འཚམ་གྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཞིང་། ད་ཆའི་རྡར་འབྲུག་གྲོང་ཚོའི་ཡུལ་མི་ཚོར་དེ་བས་བློ་བདེའི་སྡོད་གནས་ཡོད་པ་དང་། སོས་དལ་བག་ཕེབས་ཀྱི་འཚོ་བར་རོལ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།