དབུ་ཤོག>ཞིང་འབྲོག་གསར་པ།>གྲོང་གསེབ་གསར་པ་འཛུགས་སྐྲུན།
  • ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་།

    སྟོན་ལྗོངས་མཛེས་ཤོས་ནི་ལོ་ལེགས་ཀྱི་རྣམ་པ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-12

    འདི་ནི་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གི་ནས་ཚོད་འདེབས་ཞིང་ནང་དུ་ཞིང་པས་བརྔ་བསྡུ་འཕྲུལ་འཁོར་སྤྱད་དེ་བརྔ་བསྡུ་བྱེད་བཞིན་པ།

    སྟོན་ཟླ་བཅུ་པར་ཡར་ཀླུང་གི་ས་གཞི་ཆེན་པོ་ནས་ལོ་ལེགས་ཀྱི་གཏམ་བཟང་གྲགས། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གི་ནས་ཚོད་འདེབས་མུའུ་1200ཡི་ཞིང་ནང་དུ་ཞིང་ལས་འཕྲུལ་ཆས་ཀྱི་ལྡིར་སྒྲས་ཁེངས་པ་དང་། གནམ་གཤིས་ཡག་པའི་སྐབས་སུ་ཞིང་པ་ཚོས་དུས་ཐོག་ཏུ་འབྲུ་རིགས་བསྡུ་བ་དང་སྐམ་ནས་སྟོན་འབྲུ་ཚང་མ་འབྲུ་མཛོད་དུ་འཇུག་ཐུབ་པར་འགན་ལེན་བྱེད་བཞིན་ཡོད།

    ད་ལོ། ཆུ་གསུམ་རྫོང་གིས་ཚོད་འདེབས་བྱས་པའི་སྤུས་ལེགས་ནས་སོན་ལ་ལོ་ལེགས་བྱུང་བ་སྟེ། ནས་ནག་ཆ་སྙོམས་མུའུ་རེ་ནས་རྒྱ་མ་900ཐོན་པ་དང་བོད་ནས་ཨང་3000པ་བཏབ་པར་ཆ་སྙོམས་མུའུ་རེ་ནས་རྒྱ་མ་600ཐོན་ཡོད་པ་རེད། ས་གནས་དེ་གའི་སྲོལ་རྒྱུན་གྱི་ས་བོན་དང་བསྡུར་ན་ནས་ནག་མུའུ་རེ་ནས་རྒྱ་མ་320ཐོན་འཕར་བྱུང་བ་དང་བོད་ནས་ཨང་3000པ་བཏབ་པར་མུའུ་རེ་ནས་ཆ་སྙོམས་ཐོན་འཕར་རྒྱ་མ་20བྱུང་ཡོད། ཚོད་འདེབས་བྱས་པའི་ཞིང་ཁ་མུའུ་1200ཁོ་ནས་སྤྱིར་བཏང་གི་ས་བོན་བཏབ་པ་ལས་འབྲུ་རིགས་རྒྱ་མ་ཁྲི་26.4ཙམ་ཐོན་འཕར་བྱུང་སྟེ་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

    “ད་ལོ་ཚོད་འདེབས་བྱས་པའི་སྤུས་ལེགས་ནས་སོན་རིགས་གཉིས་ལ་ལོ་ལེགས་བྱུང་ཡོད”ཆུ་གསུམ་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་དང་ཆུ་བེད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ཆུ་གསུམ་རྫོང་གིས་ལྷུན་རྩེ་རྫོང་ནས་ནས་ནག་དང་བོད་ནས་ཨང་3000པའི་སྤུས་ལེགས་ནས་སོན་རིགས་གཉིས་ནང་འདྲེན་བྱས་ཏེ་སྟོད་གཟིགས་ཤང་དང་། ཤག་བྱང་ཤང་། ཆུ་གསུམ་གྲོང་རྡལ་སོགས་སུ་གཅིག་སྡུད་ཐོག་ཡུག་སྦྲེལ་ཚོད་འདེབས་བྱས་པའི་ནང་ནས་ནག་མུའུ་800དང་བོད་ནས་ཨང་3000པ་མུའུ་400ཚོད་འདེབས་བྱས་ཏེ། ས་མཐོའི་འབྲུ་རིགས་ལ་སྤུས་འབྲས་ལེགས་གཉེར་ཡོང་བར་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཡོད།

    ཆུ་གསུམ་རྫོང་གི་ཞིང་ལས་སྐྱེ་དངོས་གཙོ་བོ་ནི་ནས་དང་། སྲན་མ། གྲོ་བཅས་ཡིན་པས་ས་རྒྱ་དེ་ཙམ་ཆེན་པོ་མེད་པའི་རྨོ་ཞིང་ཐོག་འབྲུ་རིགས་མང་ཙམ་དང་འབྲུ་རིགས་ཡག་པོ་ཇི་ལྟར་འདེབས་དགོས་སམ། ཆུ་གསུམ་རྫོང་གིས་འགག་སྒྲོལ་བྱ་རྒྱུ་དེ་སོན་བཟང་ཐད་བཞག་ཡོད། སྔོན་ཆད་སྲོལ་རྒྱུན་གྱི་ས་བོན་འདེབས་ཡུན་རིང་ན་ས་བོན་ཞན་འགྱུར་ལས་ཐོན་འབབ་ཆེན་པོ་མེད། མུའུ་རེའི་ཐོན་འབབ་ཆ་སྙོམས་རྒྱ་མ་580ཙམ་དུ་ལུས་ཡོད། ད་ལོ་རྫོང་དེས་སོན་བཟང་རིགས་གཉིས་ནང་འདྲེན་བྱས་ཏེ་འདེབས་འཛུགས་བྱེད་པ་ནས་བརྔ་བསྡུའི་བར་ལོ་ཏོག་སྐྱེ་ཚུལ་ལས་ཞིང་ལས་ལག་རྩལ་པ་དང་ཞིང་དུད་ལ་གདེང་ཚོད་རྙེད་ཡོད།

    ལོ་ལེགས་བྱུང་བ་ནི་རྒྱ་མ་འགའ་ཤས་མང་དུ་སོང་བ་ཙམ་མིན་པར་དེ་བས་གདེང་ཚོད་ཆེ་རུ་ཕྱིན་པ་མཚོན་གྱི་ཡོད། ཆུ་གསུམ་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་དང་ཆུ་བེད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། སང་ལོ་རྫོང་ཡོངས་སུ་ནས་ནག་དང་བོད་ནས་ཨང་3000པའི་སྤུས་ལེགས་ནས་སོན་རིགས་གཉིས་ཁྱབ་གདལ་གཏོང་རྩིས་ཡོད་པ་དང་། མིག་སྔར་ཞིང་དུད་དང་འབྲེལ་གཏུག་ལས་དོན་སྤེལ་བཞིན་ཡོད། ནས་བརྔ་བསྡུ་ལེགས་གྲུབ་བྱུང་རྗེས་ས་གནས་དེ་གས་དུས་ཚོད་དམ་འཛིན་གྱིས་དགུན་གྲོ་འདེབས་རྒྱུའི་གྲ་སྒྲིག་བྱས་ནས། འབྲུ་རྡོག་གཅིག་ཀྱང་མ་ལུས་པ་འབྲུ་མཛོད་དུ་བཅུག་ནས་ཞིང་ལས་ལ་འཐུས་ཤོར་མི་འགྲོ་བ་བྱེད་བཞིན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།