བོད་བྱང་ཐང་ས་མཐོར་ནས་ནག་བཏབ་པ།
སོག་རྫོང་གི་ནས་ནག་མུའུ་308ལ་ལོ་ལེགས་འབྲས་བཟང་སྨིན་པ།

འདི་ནི་སོག་རྫོང་གི་མང་ཚོགས་ཀྱིས་ལག་ཏུ་ནས་ནག་གི་སྙེ་མ་འཁྱེར་ཏེ་ངོ་གདོང་ནས་ལོ་ལེགས་ཀྱི་དགའ་སྤྲོའི་འཛུམ་མདངས་འཕྱུར་བ།
ནག་ཆུ་གྲོང་ཁྱེར་སོག་རྫོང་དཀར་སྨད་ཤང་དཀར་ཤོད་ཚོང་དོན་ཞིང་འབྲོག་ཁུལ་དཔལ་འབྱོར་མཉམ་ལས་ཁང་གི་མུའུ་308ཀྱི་ཞིང་ནང་དུ་ནས་ནག་སྐྱེ་འཚར་ཡག་པོ་བྱུང་ཡོད་པ་དང་། སྙེ་མའི་རྦ་རླབས་ལང་ལོང་དུ་འཕྱུར་ནས་ས་མཐོའི་གྲོང་གསེབ་ཏུ་ལོ་ལེགས་བྱུང་བའི་རྣམ་པ་ཞིག་མང་ཚོགས་ཀྱི་ངལ་རྩོལ་གོམ་སྟབས་དང་བསྟུན་ནས་རིམ་གྱིས་མངོན་བཞིན་ཡོད། ཉེ་ཆར། མཉམ་ལས་ཁང་དེས་མང་ཚོགས་300ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཞིང་དུས་དམ་འཛིན་གྱིས་འབྲུ་རྡོག་གཅིག་ཀྱང་མ་ལུས་པར་འབྲུ་མཛོད་དུ་བཅུག་པ་མ་ཟད། ད་དུང་མང་ཚོགས་ལ་ས་ཆ་དེ་རང་དང་ཐག་ཉེ་ས་ནས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད།
སོག་རྫོང་དཀར་སྨད་ཤང་བོན་རྭ་ཁ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨོ་ཀོས“ད་ལོ་ན་ནིང་ལས་ཐོན་འབབ་མང་བ་དང་སྤུས་ཚད་དེ་བས་ལེགས་པ་འདུག སོག་མ་མང་ཚོགས་ལ་སྤྲད་དེ་འབྲི་གཡག་ལ་སྟེར་བ་དང་། འབྲུ་རིགས་ཐོན་རྫས་སྣ་ཚོགས་ལས་སྣོན་བྱེད་པར་སྤྱོད་པ། ལོ་མཇུག་ཏུ་ད་དུང་མང་ཚོགས་ལ་ཁེ་སྤོགས་བགོ་བ་སོགས་བྱེད་ཀྱི་ཡོད་པས་དངོས་གནས་ཡག་པོ་འདུག”ཅེས་བཤད།
གཞན་ཡང་ད་ལོའི་ཟླ་4པར། མཉམ་ལས་ཁང་གིས་དཀར་སྨད་ཤང་གི་སྲིད་འཛིན་གྲོང་ཚོ་3གྱི་ཞིང་འབྲོག་དུད་ཚང་47ལ་ནས་ནག་གི་སོན་དོ་པོ་100རིན་མེད་ངང་སྤྲད་པ་དང་ལོ་ལེགས་བྱུང་རྗེས་མཉམ་ལས་ཁང་གིས་ཁྲོམ་རའི་རིན་གོང་ལྟར་མང་ཚོགས་ཀྱི་ནས་ནག་ཉོས་ནས་མང་ཚོགས་ལ་ཐོན་ལས་ཕྱུག་འགྱུར་གྱི་ཕན་པ་དངོས་ཐོབ་པར་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་མཉམ་ལས་ཁང་གིས་ནས་ནག་རྩམ་པ་དང་ནས་ནག་སྦི་རག་སོགས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་དང་ཐོན་སྐྱེད་བྱ་རྒྱུར་མུ་མཐུད་གཞོལ་ནས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་སྟེ། ས་མཐོའི་སྤུས་ལེགས“འབྲུ་མཛོད”མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི“དངུལ་ཁུག”ལ་བསྒྱུར་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།