དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • དམངས་སྲོལ་གནས་ཚང་གཉེར། ཕྱུག་འགྱུར་ལམ་བུ་ཡངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-09

    དབྱར་གཞུང་སྐབས་སུ་གངས་ལྗོངས་ས་མཐོར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་དང་། རླངས་འཁོར་གྱི་རྒྱུན་ཆད་རྒྱུ་མེད་པའི་བོད་ཤར་རྒྱུད་ཀྱི་ས་གཞི་ཆེ་མོ་འཕྲེད་དུ་བཅད་པའི་ཁྲོན་བོད་གཞུང་ལམ་G318དེ་ལེ་དབར་སྟོང་གི་གསེར་མདོག་ཅན་གྱི་སྐེད་རག་ཅིག་དང་འདྲ་བར་གངས་རི་དང་གྲོག་རོང་དང་། གཙང་པོ་དང་ཆུ་བོ་སོགས་ཡུག་གཅིག་ཏུ་སྦྲེལ་ཡོད།

    བོད་དུ་སྐྱོད་སའི་ཆེས་ལྟེ་བའི“བགྲོད་ལམ་ཡག་ཤོས”ཡིན་པའི་མཁའ་ལམ་དེའི་འགྲིམ་འགྲུལ་གྱི་ནུས་པ་རྐྱང་པར་སྔ་ས་ནས་འགྱུར་ལྡོག་ཕྱིན་ཏེ། ཀྱག་ཀྱོག་གི་ལམ་བུ་ནས་དམངས་ཕྱུག་གི་ལམ་ཆེན་དང་ཐོན་ལས་ཀྱི་ལམ་ཆེན་དུ་གྱུར་ཡོད། ལམ་རྒྱུད་ཀྱི་ཟ་ཁང་དང་མགྲོན་ཁང་དང་། རླངས་འཁོར་ཉམས་བཟོ་ཁང་། ཁྱད་ལྡན་ཡུལ་ཟོག་ཚོང་ཁང་བཅས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་ལྷག་པར་དུ་སྨར་ཁམས་རྫོང་རོང་མེ་གྲོང་རྡལ་གྱིས་ས་བབ་ཀྱི་ལེགས་ཆར་བརྟེན་ནས། ཁྱིམ་ཚང་ཚང་མར་ཡུལ་སྐོར་གྱི་ཡོང་འབབ་བརྟན་པོ་བྱུང་སྟེ་གཞུང་ལམ་ཤར་གཏོང་ཐུབ་པ་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་བདེ་སྐྱིད་ལམ་བུར་དངོས་སུ་གྱུར་ཡོད།

    ད་ལོའི་ཟླ་4པར། རིན་ཆེན་ཉི་མས་རང་ཁྱིམ་གྱི་བོད་བཟོའི་སྡོད་ཁང་དེ་སྨར་ཁམས་རྫོང་རོང་མེ་གྲོང་རྡལ་ཤར་འོང་དམངས་སྲོལ་གནས་ཚང་ལ་བཟོས་ཏེ་བེད་མེད་དུ་ལུས་པའི་ཡུལ་མིའི་སྡོད་ཁང་དྲོ་སྐྱིད་ལྡན་པའི་ས་ཚིགས་སུ་གྱུར་ཡོད། རིན་ཆེན་ཉི་མས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ངང་མགྲོན་པོར་སྣེ་ལེན་ཞུ་བའི་ཐོག་མའི་བསམ་འདུན་བཅངས་ནས་མགྲོན་པོ་རེར་ཉལ་ཤུབས་རེ་བརྗེ་བ་དང་དུག་སེལ་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཆབས་ཅིག ཡུལ་སྐོར་བར་རིན་མེད་ངང་ཇ་བསྲུབས་མ་མཁོ་འདོན་བྱེད་པ་དང་། ཡང་ཅི་འཕྲོད་མོལ་འཕྲོད་དང་སྤེལ་རེས་བྱེད་རིང་། ཡུལ་སྐོར་བར་བོད་རིགས་ཀྱི་དམངས་སྲོལ་གོམས་གཤིས་ཤོད་པ་དང་ས་མཐོའི་འཚོ་བའི་རིག་གནས་མཉམ་སྤྱོད་བྱས་ནས་ཐག་རིང་ནས་ཡོང་བའི་ཡུལ་སྐོར་བར་བོད་རིགས་ས་ཁུལ་གྱི་དྲོ་སྐྱིད་ཚོར་བར་བྱེད་ཀྱི་ཡོད།

    “ཡུལ་སྐོར་བ་མང་བའི་ཟླ་བ་བདུན་པར། ཁང་གླ་མཐོ་ཤོས་ལ་དགོང་མོ་གཅིག་ལ་སྒོར་ཉིས་བརྒྱ་ལས་མིན་པ་དང་། གལ་ཏེ་དྲ་ཐོག་ནས་མངགས་ཚེ། གོང་དེ་བས་ཁེ་བ་ཡོད་པས་སྒོར་160ཙམ་ལས་དགོས་ཀྱི་མེད། ཁོང་གིས། ཁོར་ཡུག་གཙང་མ་དང་། སྙིང་ཉེ་བའི་ཞབས་ཞུ། བློ་ལ་བབས་པའི་རིན་གོང་བཅས་ལ་བརྟེན་ནས་ཤར་འོང་དམངས་སྲོལ་གནས་ཚང་ལ་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བའི་གདེང་འཇོག་ཡག་པོ་ཐོབ་པ་མ་ཟད། ཡུལ་སྐོར་བ་ཕྱིར་ལོག་བྱས་རྗེས་ད་དུང་རང་འགུལ་ངང་འོས་སྦྱོར་མཉམ་སྤྱོད་བྱས་ནས་འགྲུལ་རྒྱུན་བརྟན་པོ་ཡོད། ཟླ་རེར་ཁེ་བཟང་སྒོར་6000ནས་7000བར་རག་ནས་ནང་མི་ཚང་མའི་འཚོ་བ་གནང་དག་མེད”ཅེས་རིན་ཆེན་ཉི་མས་བཤད།

    ད་ལོ་ལོ་54ལ་སླེབས་པའི་རིན་ཆེན་ཉི་མ་ནི་2008ལོར་ཏང་ནང་ཞུགས་པའི་ཏང་ཡོན་རྒན་གྲས་ཤིག་ཡིན་པ་དང་། ཁོང་གིས། G318ལམ་རྒྱུད་ཀྱི་ཤང་དང་གྲོང་རྡལ་གྱི་འཕོ་འགྱུར་མིག་མཐོང་ལག་ཟིན་བྱུང་བ་མ་ཟད། ཕ་ཡུལ་དབུལ་ཕོངས་ནས་དར་རྒྱས་གོང་འཕེལ་བར་གྱི་འགྱུར་ལྡོག་ཆེན་པོའང་དངོས་སུ་བརྒྱུད་མྱོང་ཡོད།

    ལོ་མང་རིང་། ཏང་དང་སྲིད་གཞུང་གིས་རྒྱུན་མཐུད་མ་འཇོག་དང་རོགས་སྐྱོར་གནད་སྨིན་བྱས་པ་བརྒྱུད། G318ཀྱི་ཁྲོན་བོད་ལམ་ཐིག་རྒྱུན་མཐུད་རིམ་སྤོར་དང་། གཞུང་ལམ་བདེ་བགྲོད། ཆུ་གློག་འཁྲིད་པ་བཅས་བྱས་ནས། རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད། ཤར་གཏོང་ཐུབ་པའི་མཁའ་ལམ་དེས་གངས་ལྗོངས་ས་མཐོའི་ཕྱི་ཕྱོགས་བགྲོད་ལམ་རྦད་དེ་བཤངས་ནས་སྒེར་འཁོར་དང་ཡུལ་སྐོར་བ་བོད་དུ་ཟམ་མི་ཆད་པ་ཡོང་བར་མཐུན་རྐྱེན་བསྐྲུན་ཏེ་ལམ་རྒྱུད་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་སྐུལ་སྤེལ་བྱས་པས། དམངས་སྲོལ་གནས་ཚང་གི་ཞག་སྡོད་དང་། ཁྱད་ལྡན་བཟའ་བཏུང་། རླངས་འཁོར་ཉམས་བཟོ། ས་མཐོའི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་སོགས་སྣ་མང་ལས་རྣམ་གསར་པ་རིམ་བཞིན་ཐོན་ཡོད།

    རིན་ཆེན་ཉི་མ་དང་འདྲ་བའི་ས་གནས་དེ་གའི་མང་ཚོགས་མང་པོས་རང་ཁྱིམ་གྱི་སྒོ་རྩར་ལས་གཏོད་ལས་ཞུགས་དང་བདེ་སྡོད་ལས་བརྩོན་ཐུབ་ནས་ས་ཆ་དེ་རང་དང་བར་ཐག་ཉེ་ས་ནས་ཡོང་འབབ་གསོག་ཐུབ་པ་དང་ལས་དར་ཕྱུག་འགྱུར་དངོས་འབྲེལ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།