དབུ་ཤོག>ཞིང་འབྲོག་གསར་པ།>ཕྱུག་འགྱུར་ལམ་བུ།
  • གཞུང་ལམ་ཤར་གཏོང་ཐུབ། འབབ་འཕར་ཐབས་ལམ་མང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-09

    གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གྲོང་ནས་རླངས་འཁོར་སྐར་མ་ཁ་ཤས་བསྡད་རྗེས་ཆབ་ཁ་གྲོང་རྡལ་ཆབ་ཁ་གྲོང་ཚོར་འབྱོར་བ་དང་། གྲོང་ཚོའི་འགྲོ་ལམ་ཁོད་སྙོམས་ལ་གཙང་སྦྲ་ལྡན་པ་དང་གཞོགས་གཉིས་སུ་ཡོད་པའི་ཆུ་ཚན་གྱི་དམངས་སྲོལ་གནས་ཚང་ཡང་དཀར་ཆ་ཤིན་ཏུ་དོད་ཅིང་། གྲོང་མིའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་མཆིས།

    རྡོ་ཧྲུག་ལམ་ནས་མཁྲེགས་འགྱུར་ལམ་བར་དང་། དེ་ནས་གྲོང་སྐོར་ལམ་བར་ཆབ་ཁ་གཞུང་ལམ་ལ་འགྱུར་ལྡོག་ཐེངས་གསུམ་བྱུང་བ་དང་། སྟབས་བདེའི་ཤིང་ཁང་ནས་དེང་དུས་ཀྱི་ཁང་མིག་གཅིག་བར་དང་དེ་ནས་མདོ་སྦུག་ཡོད་པའི་ཁང་མིག་སྤུས་ལེགས་བར་ཆབ་ཁ་ཆུ་ཚན་གྱི་སྒྲིག་བཀོད་ལ“འགྱུར་ལྡོག་ཐེངས་གསུམ”བྱུང་བ། ཁེར་རྐྱང་གཉེར་སྐྱོང་ནས“མཉམ་སྡེབ་གཉེར་སྐྱོང”བར་དང་། དེ་ནས་ཕྱུག་འགྱུར་ཐོན་ལས་བར“ཆབ་ཁའི་ཆུ་ཚན་ཡུལ་སྐོར་གྲོང་རྡལ་ཆུང་ངུའི”གཞི་ཁྱོན་རགས་ཙམ་ཆགས་ཡོད། ལོ་བཅུ་ལྷག་ཙམ་རིང་། ཆབ་ཁ་གྲོང་རྡལ་གྱི་གཞུང་ལམ་འཛུགས་སྐྲུན་དང་ཆུ་ཚན་གྱི་ཐོན་ལས་དུས་གཅིག་ཏུ་འཕེལ་རྒྱས་ཕྱིན་པ་མ་ཟད། གྲོང་གསེབ་ཀྱི་འགྲོ་ལམ་སྣུར་སྲིང་དང་རིམ་སྤོར་ཐུབ་སྟེ་ས་འོག་གི་ཆུ་ཚན“ཕྱུག་འགྱུར་གྱི་འབབ་ཁུངས”སུ་གྱུར་ཡོད།

    རྡོ་ཧྲུག་ལམ་དང་ཤིང་ཁང་བར་གྱི་འགྱུར་ལྡོག

    2012ལོར། གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་རྟ་མགྲིན་གྱིས་ཆུ་ཚན་གྱི་ཚོང་གཉེར་གོ་སྐབས་དམ་འཛིན་བྱས་ནས་མ་དངུལ་སྒོར་ཁྲི་17བཏང་སྟེ་གྲོང་ཚོ་ཡོངས་ཀྱི་ཆུ་ཚན་འཁྲུ་ཁང་དང་པོ་དེ་བསྐྲུན་པ་རེད། “སྐབས་དེ་དུས་ཆུ་ཚན་དུ་སྟབས་བདེའི་ཤིང་ཁང་ཞིག་ལས་མེད་ལ་གསང་སྤྱོད་དང་གཟུགས་པོ་འཁྲུ་ས་ཡང་ཐབས་ཆག་ཅིག་ལས་མེད”ཅེས་རྟ་མགྲིན་གྱིས་ཆུ་ཚན་འགྲུལ་ཁང་ཐོག་མར་འཛུགས་སྐབས་ཀྱི་སྐོར་བརྗོད།

    ཆབ་ཁ་གྲོང་ཚོ་འདི་ཉིད་རྫོང་གྲོང་དང་བར་ཐག་སྤྱི་ལེ་ཁ་ཤས་ལས་མེད་ཀྱང་ངོ་དྲགས་པའི་ལམ་གཅིག་ཀྱང་མེད། “གྲོང་ཚོ་ནས་རྫོང་གྲོང་དུ་བསྐྱོད་སའི་ལམ་ནི་རྡོ་ཧྲུག་ལམ་རེད”སྔོན་མ་ལས་ཀའི་རྐྱེན་གྱིས་ཕྱིར་མང་པོ་སྐྱོད་དགོས་པའི་ཚོན་པ་ཟླ་བས་སྐབས་དེ་དུས་ཀྱི་ལམ་གྱི་སྐོར་གླེང་སྐབས“ལམ་འགྲོ་བདེ་པོ་མེད། རྐང་ཐང་མར་ཆུ་ཚོད་ཕྱེད་ཀ་ཙམ་བསྐྱོད་ནས་རྫོང་གྲོང་དུ་སླེབས་རྗེས་འགྲུལ་སྐྱེལ་རླངས་འཁོར་བསྡད་དེ་གཞིས་རྩེ་གྲོང་ཁུལ་དུ་སྐྱོད་དགོས”ཅེས་བཤད།

    ལམ་ཡག་པོ་མེད་པ་དེ་ཆུ་ཚན་ཐོན་ལས་འཕེལ་རྒྱས་ཀྱི་འགོག་རྐྱེན་དུ་གྱུར་པས། “ཡུལ་གཞན་ནས་ང་ཚོའི་གྲོང་ཚོར་ཡོང་མཁན་ཉུང་ཉུང་རེད། གྲོང་ཚོའི་ཆུ་ཚན་རྒྱག་པར་ཡོང་མཁན་ཕལ་ཆེ་བ་ནི་ང་ཚོའི་རྫོང་གི་མི་ཤ་སྟག་རེད”ཅེས་རྟ་མགྲིན་གྱིས་བརྗོད་བཞིན་རྫོང་གྲོང་དུ་བསྐྱོད་སའི་ཨར་འདམ་ལམ་ཞིག་བསྐྲུན་ཐུབ་ན་སྙམ།

    གྲོང་ཚོར་ཤར་གཏོང་ཐུབ་པའི་གཞུང་ལམ་དང་དེང་རབས་ཀྱི་ཁང་མིག་བར་གྱི་འགྱུར་ལྡོག

    2013ལོར་ཆབ་ཁའི་ཆུ་ཚན་ཐོན་ཁུངས་གསར་སྤེལ་བཞད་མཐོང་སྨོན་རྫོང་གི་འཆར་འགོད་ནང་བཅུག་པ་དང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་5000ལྷག་ཙམ་བཏང་ནས་ཆབ་ཁའི་ཆུ་ཚན་སྤྲོ་གསེང་རྟེན་གཞི་བསྐྲུན་པ་རེད།

    2014ལོར་ཆབ་ཁ་གྲོང་ཚོའི་གཞུང་ལམ་བསྐྲུན་འགོ་ཚུགས་པ་དང་། 2016ལོར་གྲོང་ཚོའི་གཞུང་ལམ་ཁག་གཅིག་ཨར་འདམ་ལམ་བུར་བསྐྲུན་པ། 2018ལོར་གྲོང་ཚོ་ཡོངས་ལ་ཤར་གཏོང་ཐུབ་པའི་ཨར་འདམ་ལམ་བསྐྲུན་ཞིང་། ལམ་གྱི་ཞེང་ཁ་ཡང་སྨི་4ནས་སྨི་6.5བར་ཆེ་རུ་བཏང་ཡོད།

    “ལམ་ཤར་གཏོང་ཐུབ་པས་ཕྱི་ནས་ཡོང་མཁན་ཡུལ་སྐོར་བ་ཡང་མང་དུ་ཕྱིན་པ་དང་། ལྷ་ས་དང་ལྷོ་ཁ་ནས་ཡོང་མཁན་མང་པོ་ཡོད་པས་ཆུ་ཚན་གྱི་དམངས་སྲོལ་གནས་ཚང་རྒྱ་ཆེར་གཏོང་རྒྱུའི་བསམ་བློ་འཁོར་བྱུང”ཞེས་བརྗོད་ཅིང་། རྟ་མགྲིན་གྱིས་གོ་སྐབས་དམ་འཛིན་བྱས་ནས་མ་དངུལ་སྒོར་ཁྲི་500བཏང་སྟེ“བཞད་གཞུང་གླང་་ཆབ་སྤྲོ་སྐྱིད་ཆུ་ཚན”བསྐྲུན་པ་དེར་རྒྱ་ཁྱོན་སྨི་ངོས་གྲུ་2000ཙམ་ཡོད་པ་དང་ཁང་མིག་29ཡི་ནང་གསང་སྤྱོད་དང་གཟུགས་པོ་འཁྲུ་ས་ཡོད། མི་ཡོང་མཁན་མང་དུ་ཕྱིན་པར་བརྟེན་འགྲུལ་ཁང་གི་ཚོང་ཡག་ཏུ་ཕྱིན་ནས་ཉིན་རེར་ཡོང་འབབ་སྒོར་ཁྲི་1ཙམ་ཡོང་གི་ཡོད།

    ཕྱུག་འགྱུར་སྣེ་ཁྲིད་པ་རྟ་མགྲིན་གྱིས་གྲོང་ཚོའི་མཉམ་སྡེབ་དང་གྲོང་མི་ཚོས་ཆུ་ཚན་དམངས་སྲོལ་གནས་ཚང་གཉེར་བར་རོགས་པ་བྱས་པས་གྲོང་ཚོར་ཆུ་ཚན་དམངས་སྲོལ་གནས་ཚང་ཁག་གཅིག་བརྒྱབ་པར་བརྟེན་ཚོང་ཁང་དང་ཟ་ཁང་ཡང་གཅིག་རྗེས་གཉིས་མཐུད་ངང་མང་དུ་ཕྱིན།

    2018ལོར་གྲོང་ཚོའི་མཉམ་སྡེབ་ཆུ་ཚན་གྱི་རྣམ་གྲངས་དང་པོ་སྟེ། དུས་རབས་གསར་པའི་གྲོང་གསེབ་ཀྱི་དམངས་ཕན་ཆུ་ཚན་དངོས་སུ་སྤྱོད་འགོ་ཚུགས་པ་དང་། 2021ལོར་མ་དངུལ་སྒོར་ཁྲི་197བཏང་ནས་བསྐྲུན་པའི་ཡུལ་སྐོར་སྤྲོ་གསེང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བདེ་བླག་ངང་བཙུགས་པ། 2023ལོར་མ་དངུལ་སྒོར་ཁྲི་1000ལྷག་ཙམ་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་སྟེ་གྲོང་ཚོའི་མཉམ་སྡེབ་ཆུ་ཚན་རྣམ་གྲངས་དང་ཐོན་ལས་ཐོག་ཁང་བསྐྲུན་པས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རིམ་བཞིན་སྟོབས་ཆེར་ཕྱིན་པ་བཅས་རེད།

    2024ལོར་འགྲིམ་འགྲུལ་སྟབས་བདེ་པོར་བརྟེན་ནས་བཞད་མཐོང་སྨོན་རྫོང་གིས་ཆབ་ཁ་ཆུ་ཚན་གྱི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་འགོ་འཛུགས་སར་བྱས་ཏེ་འགྲུལ་སྐྱེལ་ལམ་ཐིག་2བཏོད་པ་སྟེ། གཅིག་གཞིས་རྩེ་གྲོང་ཁྱེར་མེ་འཁོར་བབས་ཚུགས་སུ་ཤར་གཏོང་ཐུབ་པ་དང་གཅིག་ཤོས་རྫོང་གྲོང་གི་གཞུང་ལམ་དང་། མཐོང་སྨོན་ཤང་དང་དར་ལྡིང་ཤང་དུ་ཤར་གཏོང་ཐུབ་ནས་ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་ཆུ་ཚན་རྒྱག་པར་ཡོང་བ་དང་ཡུལ་སྐོར་ལྟ་སྐོར་བྱེད་པར་དེ་བས་སྟབས་བདེ་རུ་ཕྱིན་ཡོད།

    གྲོང་སྐོར་གཞུང་ལམ་དང་སྤུས་དག་ཁང་པ་ཆ་ཚང་བ།

    ཡུལ་སྐོར་བ་མེད་དུས་སེམས་ཁྲལ་ཡོད་ལ་ཡུལ་སྐོར་བ་མང་དུས་ཀྱང་སེམས་ཁྲལ་ཡོད། འཁོར་རྒྱུན་དང་འགྲུལ་རྒྱུན་ཉིན་བཞིན་མང་དུ་ཕྱིན་པ་དེས་ཆབ་ཁ་གྲོང་ཚོ་གུ་དོག་ཏུ་སོང་ནས་ཡུལ་སྐོར་བ་ལྟ་སྐོར་ཉམས་ལེན་བྱེད་པར་ཤུགས་རྐྱེན་ཐེབས་ཀྱི་ཡོད།

    2025ལོར་ཆབ་ཁ་ཆུ་ཚན་གྱི་ཐོན་ལས་ཀྱི་རྨང་གཞིའི་གཞུང་ལམ་སྒྱུར་བཀོད་རྣམ་གྲངས་ལེགས་གྲུབ་ཟིན་ནས་ཆབ་ཁ་གྲོང་ཚོའི་འགྲིམ་འགྲུལ་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་པ་དང་གྲོང་མི་དང་ཡུལ་སྐོར་བ་འགྲོ་སྐྱོད་དེ་བས་སྟབས་བདེ་རུ་ཕྱིན་ཡོད།

    འགྲོ་ལམ་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་ཕྱིན་པ་དེས་ཆབ་ཁ་གྲོང་ཚོའི་ཆུ་ཚན་གྱི་སྒྲིག་བཀོད་རིམ་སྤོར་ཐེངས་གསུམ་པ་བྱ་རྒྱུར་སྐུལ་མ་ཐེབས་པ་སྟེ། 2025ལོའི་ཟླ་10པར“བཞད་གཞུང་གླང་ཆབ་སྤྲོ་སྐྱིད་ཆུ་ཚན”གྱི་རིམ་སྤོར་བྱས་པའི“གླང་མ་ཆུ་ཚན”ལས་གཉེར་བྱེད་འགོ་ཚུགས་པ་དང་། “ཆུ་ཚན་གྱི་ཟུར་ཁང་ནང་སྨན་ཆུ་རྒྱག་ཁུལ་དང་། ངལ་གསོ་ཁུལ། རླངས་ཁྲུས་ཁུལ་བཅས་དང་། ལུས་འཁྲུ་དང་། ཞག་སྡོད། སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་ཡོད་ལ་སྒོ་རའི་ནང་རླངས་འཁོར་འཇོག་ས་ཧ་ཅང་བདེ་པོ་ཡོད”ཅེས་རྟ་མགྲིན་གྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། རབས་གསུམ་པའི་ཆུ་ཚན་གྱི་ཟུར་ཁང་གི་ཁང་གླ་དམའ་ཤོས་སྒོར་120ཡིན་པ་དེ་རབས་གཉིས་པ་ལས་ལྡབ་གཅིག་འཕར་བ་དང་། སྒྲིག་བཀོད་དང་ཞབས་ཞུ་ཡག་པོ་ཡོད་པས་རིན་གོང་ཡང་རང་ཤུགས་ངང་སྤོར་དགོས་ལ་ཚོང་ཡང་སྔར་བཞིན་ཡག་པོ་འདུག ལས་འགོ་བཙུགས་ནས་ད་བར་ཟླ་བ་ལྔ་ལས་སོང་མེད་མོད། ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བྱུང་ཞེས་བཤད།

    “ལམ་ཤར་གཏོང་ཐུབ་པ་དང་ཆུ་ཚན་གྱི་སྒྲིག་བཀོད་ཡག་ཏུ་ཕྱིན་ནས་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད” ཆབ་ཁ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧོང་ཅུན་ཆིས་ཆབ་ཁ་གྲོང་ཚོས་ལམ་རྨང་གཞིར་བྱེད་པ་དང་ཆུ་མིག་མཚམས་སྦྱོར་དུ་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་ལམ་ཆེན་ཐོག་ཐོན་ལས་སྔར་བས་དར་རྒྱས་དང་ཡུལ་མི་སྔར་བས་བདེ་སྐྱིད་ལྡན་པའི་དམིགས་ཚད་ཕྱོགས་སུ་གོམ་སྟབས་བརྟན་པོས་སྐྱོད་བཞིན་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།