ཤིང་ཏོག་དྲི་ཞིམ་གང་སར་འཐུལ། ལས་དར་ཕྱུག་འགྱུར་ལམ་དུ་བསྐྱོད།
དབྱར་ཐོག་མའི་དུས་སུ་ཉང་ཆུ་གཙང་འགྲམ་དུ་ཚང་ཚིང་གཡུ་ལོ་ཐགས་སུ་བཀྲ་བ་དང་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། བྲག་ཡིབ་ཆུས་སྨན་རི་ཤང་ཐོག་སྨད་གྲོང་ཚོའི་ཁྲེ་ལེ་ཙི་དང་ལན་མེ་རིམ་གྱིས་སྨིན་པས་དྲོད་ཁང་ནང་ལས་བྲེལ་གྱི་རྣམ་པས་ཁེངས་ཤིང་། འབྲས་བུའི་ཁུར་གྱིས་དུད་པའི་འབྲས་ཤིང་དག་གིས་གྲོང་ཚོ་བརྒྱན་ཡོད་ལ། དེའི་ནང་གྲོང་མིར་འབབ་འཕར་ཡོང་བའི་རེ་བའང་འདུས་ཡོད།
“ད་ལོ་གྲོང་ཚོའི་ཤིང་འབྲས་སྐྱེ་མཚར་ཧ་ཅང་ལེགས་ལ། ཁྲེ་ལེ་ཙི་ཐོགས་ཚད་ན་ནིང་དང་བསྡུར་ན་མང་བ་ཡོད། དེ་བས་དགའ་འོས་པ་ཞིག་ནི་ན་ནིང་བཏབ་མ་ཐག་པའི་ལན་མེ་ཡང་ད་ལོའི་ལོ་དང་པོར་འབྲས་བུ་བཏགས་པ་མ་ཟད། བྲོ་བ་ཡང་ཧ་ཅང་ཞིམ་པོ་ཡོད། ད་ཆ་ང་ཚོའི་གྲོང་ཚོར་དུས་ཚིགས་བཞི་ཀར་ཤིང་འབྲས་འཐོག་རྒྱུ་ཡོད་པས་གྲོང་མིའི་འབབ་འཕར་གྱི་ཡོང་ཁུངས་སྔར་བས་ཡངས་སུ་ཕྱིན་ཡོད”ཅེས་བྲག་ཡིབ་ཆུས་ཐོག་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཨུད་ཀྱི་ཀྲུའུ་རེན་བཀྲ་ཤིས་དགེ་ལེགས་ཀྱིས་བརྗོད་པའི་སྐད་ཆར་ཐོན་ལས་འཕེལ་རྒྱས་ལ་གདེང་ཚོད་ཀྱིས་ཁེངས་ཡོད་པ་ཤེས་ཐུབ།
བྲག་ཡིབ་ཆུས་སྨན་རི་ཤང་ཐོག་སྨད་གྲོང་ཚོའི་ལན་མེའི་རྟེན་གཞིའི་ལག་རྩལ་པ་མོང་ཞང་ཝུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་གྲོང་ཚོའི་ལན་མེའི་འདེབས་འཛུགས་རྒྱ་ཁྱོན་མུའུ་20ཚང་མ་ཁོག་མའི་ནང་བཏབ་པ་མ་ཟད། ཆུ་ལུད་གཞི་གཅིག་ཅན་གྱི་རིག་ནུས་མ་ལག་ལེ་ལག་ཚང་བའི་སྒོ་ནས་བསྐྲུན་པས་ལན་མེ་སྐྱེ་འཚར་ཡག་པོ་ཡོང་བའི་འགན་ལེན་ཐུབ་ཡོད། “མིག་སྔར། ལན་མེ་སྡོང་རྐང་གཅིག་ལ་ཆ་སྙོམས་འབྲས་བུ་རྒྱ་མ་1.5ནས་2བར་ཐོན་པ་དང་སྔོན་དཔག་བྱས་ན་སྤྱིའི་ཐོན་འབབ་རྒྱ་མ་3000ཟིན་རྒྱུ་རེད། ང་ཚོས་བཏབ་པའི་ལན་མེ་ཡུན་ནན་ནས་ནང་འདྲེན་བྱས་པས་བྲོ་བ་ཞིམ་པོ་ཡོད”
དེ་སྔ་ཤིང་འབྲས་འདེབས་དཀའ་བའི་འཕེལ་རྒྱས་ཀྱི་དཀའ་ངལ་འཕྲད་པ་ནས་ད་ཆ་འདེབས་འཛུགས་དྲོད་ཁང་ཆེ་མོ་8ཚང་མར་ཐོན་འབབ་བརྟན་པོ་དང་ཐོན་འབབ་ཡག་པོ་བྱུང་བའི་བར་ཐོག་སྨད་གྲོང་ཚོས་ཁྲེ་ལེ་ཙི་འདེབས་འཛུགས་ཐད་འཕེལ་རྒྱས་བརྟན་པའི་ལམ་བུ་ཞིག་བཏོད་པ་དང་། ཤིང་འབྲས་ཞིམ་པོ་དེ་དག་གིས་གྲོང་མི་ཚང་མར་བདེ་སྐྱིད་སྦྱིན་བཞིན་ཡོད། བཀྲ་ཤིས་དགེ་ལེགས་ཀྱིས“དྲོད་ཁང་ཆེ་མོའི་ནང་ཁྲེ་ལེ་ཙིའི་སྣ་ཁར‘མེ་ཙའོ’དང‘ཨུ་རུ་སུའི་ཨང་བརྒྱད་པ’ཡོད་པ་དང་ཚང་མ་མངར་ལ་རྡོག་ཆེ་བའི་སྣ་ཁ་ཡག་པོ་ཤ་སྟག་རེད་ལ། ད་ཆ་གྲོང་ཚོའི་ཁྲེ་ལེ་ཙི་དེ་ཉིད་ཐོན་འབབ་ལེགས་པའི་དུས་སུ་སླེབས་པ་དང་། སང་ལོའི་ཐོན་འབབ་རྒྱ་མ་3000ལས་བརྒལ་རྒྱུ་རེད”ཅེས་བརྗོད།
ད་ཆ། ཐོག་སྨད་གྲོང་ཚོའི་ཤིང་འབྲས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། གྲོང་ཚོས་ཀྱང་ཕུགས་ཀྱི་འཕེལ་རྒྱས་དམིགས་ཚད་གཏན་འཁེལ་བྱས་ནས། ད་ཡོད་ཐོན་ལས་རྨང་གཞིར་བྱས་པ་དང་། ས་མཐོའི་ཁྱད་ལྡན་ཤིང་འབྲས་འདེབས་འཛུགས་ཐོན་ལས་ལ་རྒྱུན་མཐུད་ཤུགས་བརྒྱབ་སྟེ། ས་བོན་གྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་བཏང་བ་དང་ཤིང་འབྲས་ཀྱི་སྤུས་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་སྟེ། གྲོང་མིའི་འཚོ་བ་སྔར་བས་ཡག་ཏུའགྲོ་བར་བརྩོན་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།