རི་སྒོག་ཕྲ་མོའི་ཐོན་ཁུངས་ཀྱིས། སྐྱེ་ཁམས་དམངས་ཕྱུག་ལམ་སྣེ་འདྲེན།
ཆ་སྙོམས་ས་བབ་སྨི་5000ཟིན་པའི་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཟླ་གཞུང་ཤང་ཟླ་བ་གྲོང་ཚོར་གནམ་གཤིས་གྲང་ངར་ཆེ་ཞིང་། ལོ་རེའི་ཆ་སྙོམས་དྲོད་ཚད་དམའ་བ་དང་། གསར་སྦོལ་ཐུབ་པའི་རྨོ་ཞིང་ཧ་ཅང་ཉུང་ཉུང་ཡིན་པ་མ་ཟད། ཐག་རིང་ལུང་ཁུག་ཏུ་གནས་ཤིང་འགྲིམ་འགྲུལ་སྟབས་བདེ་མེད་པའི་དབང་གིས་དུས་ཡུན་རིང་པོར་འཕེལ་རྒྱས་ཀྱི་ལམ་བུ་འོས་འཚམ་ཞིག་རྙེད་མེད། ད་ཆ། གྲོང་ཚོས་མཚོ་འགྲམ་དུ་སྐྱེས་པའི་རི་སྒོག་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ། ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་གྲོང་གསེབ་ཀྱི་དཔལ་འབྱོར་ཞི་མཐུན་འཕེལ་རྒྱས་ཀྱི་ལམ་བུ་ལེགས་པར་བཏོད་ཡོད།
དུས་ཡུན་རིང་པོའི་ནང་། གྲོང་ཚོའི་གནས་ཚུལ་ལ་འཚམ་པ་དང་། མང་ཚོགས་ཞུགས་ཐུབ་པ། ཉེན་ཁ་ཆུང་བ་བཅས་ཀྱི་ཕྱུག་འགྱུར་ལམ་བུ་ཡག་པོ་ཞིག་འཚོལ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གིས་ཐག་གཅོད་བྱེད་འདོད་པའི་དཀའ་གནད་ཅིག་ཡིན།
བརྟག་ཞིབ་ཐེངས་མང་བྱས་རྗེས། གྲོང་ཚོས་གཞན་གྱི་ཉམས་མྱོང་ཇི་མ་ཇི་བཞིན་ལད་ཟློས་མི་བྱེད་པ་དང་། ལས་དོན་སྤེལ་མ་ཐག་འདོད་རྔམ་ཆེན་པོ་མི་བྱེད་པར། རང་ས་གནས་ཀྱི་ཐོན་ཁུངས་ལ་གཞིགས་ནས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱ་རྒྱུའི་ཁ་ཕྱོགས་གཏན་འཁེལ་བྱས་ཤིང་། བསམ་བློ་ཞིབ་པར་བཏང་མཐར་ཚང་མས་འཕེལ་རྒྱས་ཀྱི་རེ་བ་མཚོ་འགྲམ་དུ་སྐྱེས་པའི་རི་སྒོག་ལ་བཅོལ།
རི་སྒོག་ལ་གྲང་འགོག་ཐན་འགོག་གི་ནུས་པ་ལྡན་པ་མ་ཟད། རང་བྱུང་ལྷན་སྐྱེས་ཡིན་པས་ཆེད་མངགས་གཡོག་བྱེད་བྱེད་མི་དགོས་ལ། ལུད་དང་སྨན་རྒྱག་པ་སོགས་དེ་བས་ཀྱང་མི་དགོས་པས། ལྗང་མདོག་དང་། ཁོར་ཡུག་སྲུང་སྐྱོང་། སྐྱེ་ལྡན་བཅས་ཀྱི་ནུས་པ་ལྡན་ཞིང་། ལྷད་མེད་བཟའ་བཅར་དང་དོད་ཆེན་པོ་བྱེད་པའི་དེང་གི་དུས་འདིར་གསར་སྤེལ་གྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད།
“ཐོན་ལས་འཕེལ་རྒྱས་ཆེད་དུ་མཚོ་དང་རྩྭ་རར་གཏོར་བཤིག་གཏོང་མི་རུང་བས། ངེས་པར་དུ་སྐྱེ་ཁམས་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས” མི་རིང་བར། གྲོང་ཚོ་ཡོངས་སུ་རང་ངོས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་པ་དང་སྐྱེ་ཁམས་སྔོན་འཇོག་མཐའ་འཁྱོངས་ཀྱིས་རང་ས་གནས་ཀྱི་གནས་ཚུལ་གཞིར་བཟུང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐུན་མོང་གི་ངོས་འཛིན་བྱུང་བ་རེད། དངོས་སུ་ལས་དོན་སྤེལ་རིང་། གྲོང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་སྔོག་འཐུ་ཁུལ་གཏན་འཁེལ་གྱིས་ཁུལ་བགོས་ནས་རེས་འཐུ་དང་དུས་བཀག་ལྟར་སྔོག་འཐུ་བྱས་པ་དང་། སྔོག་འཐུའི་ཚད་གཞི་ནན་པོ་བཟོས་ནས་ས་ངོས་སུ་བུད་པའི་གཞུང་རྟ་དང་ལོ་མ་ཁོ་ན་འཐུ་བ་ལས་རྩ་བ་སྔོག་པར་གཏན་འགོག་བྱས་པས་ཕྱི་ལོར་སྔར་བཞིན་སྐྱེ་ཐུབ་པའི་འགན་ལེན་བྱས་པ་རེད། བརྔ་བསྡུའི་དུས་ཚིགས་ཀྱང་དུས་བྱ་སྐྱེ་འཕེལ་མང་བའི་དུས་ཚོད་ལས་གཡོལ་བ་མ་ཟད། འདམ་རའི་སྐྱེ་ཁམས་ལ་མིས་ཤུགས་རྐྱེན་བཟོ་ཚད་ཆུང་དུ་གཏོང་གང་ཐུབ་བྱས་ཏེ། “སྲུང་སྐྱོང་ཁྲོད་གསར་སྤེལ་དང་བེད་སྤྱོད་ཁྲོད་བདག་སྐྱོང་བྱེད་པའི”ལམ་སྲོལ་ཆ་ཚང་ཞིག་རིམ་བཞིན་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད།
“རི་སྒོག”ཕྲ་མོ“ཐོན་ལས་བཟང་པོ”ཞིག་ཏུ་འགྱུར་བར་ཚད་ལྡན་ཅན་གྱི་ཐོན་སྐྱེད་བྱ་རྒྱུ་ནི་འགག་རྩ་ཡིན་པས། གྲོང་ཚོའི་མཉམ་སྡེབ་ཀྱིས་སྣེ་ཁྲིད་དེ་མཉམ་ལས་ཁང་བཙུགས་ཤིང་། བེད་མེད་དུ་ལུས་པའི་གྲོང་ཚོའི་མཉམ་སྡེབ་ཁང་པ་གང་འགབ་ཅི་སྤྱོད་ཀྱིས་སྟབས་བདེའི་ལས་སྣོན་བྱེད་ས་བཙུགས་ཡོད། བཏུས་ཟིན་པའི་རི་སྒོག་བཀྲུ་བ་དང་། དབྱེ་གསེད། སྲོ་སྐམ་བཅས་བྱས་རྗེས་འགྱིག་ཤོག་གཙང་མའི་ནང་བླུགས་ནས། རི་སྒོག་སྐམ་པོ་དང་ས་མཐོའི་བྲོ་རྫས་སོགས་ཁྱད་ལྡན་ཚོང་ཟོག་ལ་གྱུར་པ་དང་། ལས་རིམ་ཚད་ལྡན་ཡིན་པས་སྤུས་ཚད་འགན་ལེན་ཐུབ་པ་དང་ཟུར་སྣོན་རིན་ཐང་ཡང་མཐོ་རུ་ཕྱིན་ཡོད། མིག་སྔར། རིམ་རྩིས་བརྒྱབ་ན་ཟླ་བ་གྲོང་ཚོས་རི་སྒོག་རྒྱ་མ་1000ལྷག་ཙམ་བཏུས་པ་དང་། ཐོན་རྫས་1600ཐུམ་སྒྲིལ་བརྒྱབ་པར་སྔོན་དཔག་བྱས་ན་ཡོང་འབབ་སྒོར་ཁྲི་8ལྷག་ཙམ་ཟིན་རྒྱུ་ཡིན་པ་དང་། མིག་སྔའི་བར་ཡོང་འབབ་སྒོར་ཁྲི་4.8བྱུང་ཡོད། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག ཟླ་བ་གྲོང་ཚོས་ཐོན་ལས་འཁོར་འབྲེལ་སྔར་བས་སྣུར་སྲིང་བྱས་ཏེ། ཟླ་བ་མཚོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་དུས་བྱ་ཁྱུ་ཚོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས“ཁྱད་ལྡན་ཞིང་ལས་ཐོན་རྫས་དང་མཚོ་ངོགས་ཀྱི་རིག་གནས་ཡུལ་སྐོར་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་པ་རེད།
མཚོ་འགྲམ་གྱི་རི་སྒོག་རེ་རེ་ནས་སྐྱེ་ཁམས་འཚོལ་བསྡུའི་ལམ་སྲོལ་བཙུགས་པའི་བར་དང་། ལས་སྣོན་ཕྱིར་ཚོང་གི་ཐབས་ལམ་འཐུས་སྒོ་ཚང་དུ་བཏང་བ་ནས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཕུགས་ཀྱི་བཀོད་པ་ཇུས་འགོད་བྱས་པའི་བར། ཟླ་བ་གྲོང་ཚོས་གོམ་སྟབས་རེ་རེ་བཞིན་བརྟན་པོ་སྤོས་ཏེ། གསོན་ཉམས་ལྡན་པའི་ལག་ལེན་དངོས་ཀྱི་ཐོག་ནས་ང་ཚོར་གྲོང་གསེབ་དར་རྒྱས་གཏོང་བར་ས་ཕྱོགས་ཀུན་ཏུ་ཁྱད་མེད་པར་སྤྱོད་ཆོག་པའི་མ་དཔེ་མེད་པ་དང་། ས་མཐོའི་འབྲོག་ཁུལ་གྱི་གྲོང་གསེབ་འཕེལ་རྒྱས་གཏོང་བར་རང་རང་གི་ས་ཆའི་ཐོན་ཁུངས་ལ་གཞི་ཚུགས་ཏེ། རང་བྱུང་ཆ་རྐྱེན་ལ་བརྩི་འཇོག་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དོན་དངོས་ལ་འཚམ་པར་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་འབབ་འཕར་དབར་དོ་སྙོམས་ཡོང་བར་བྱེད་དགོས་པ་གསལ་བཤད་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།