“འབྲུ་རིགས་གཙོ་བོར་བྱེད་པ”ནས“ཤིང་འབྲས་དང་སྔོ་ཚལ་གྱི་དྲི་ཞིམ་འཐུལ་བའི”བར།
གངས་ལྗོངས་ས་མཐོའི་འདེབས་འཛུགས་གྲུབ་ཆར་འགྱུར་ལྡོག་བཏང་བས་ཞིང་འབྲོག་ཁུལ་ལ་འབབ་འཕར་བྱུང་བ།
ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རྫིང་ཕྱི་ཤང་མཁར་སྣ་གྲོང་ཚོའི་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་ཆོས་སྒྲོན་གྱིས་ཧོང་ཀྭ་གཅིག་བཀོག་པས་ཆུ་ཐིགས་ཧོང་ཀྭ་ཡི་སྔོ་ཐིང་ཐིང་གི་ལྤཌ་པ་བརྒྱུད་སར་ལྷུངས། ས་བབ་སྨི་4000ཡོད་པའི་ས་མཐོར་འགྱིག་ཤོག་དྲོད་ཁང་25གྲལ་སྟར་འགྲིག་པོས་བསྐྲུན་པ་དང་དེའི་ནང་གི་འབྲི་ཏ་ས་འཛིན་དང་། ཆེ་ཙི། ཤིས་ཀྭ་སོགས་ཤིང་ཏོག་དང་སྔོ་ཚལ་སྣ་ཁ་20ལྷག་ཙམ་དུས་ཐུང་ཉིན་ཁ་ཤས་ནང་ཐོན་འབབ་རྒྱ་མ་བརྒྱ་ཕྲག་ཁ་ཤས་བསྡུ་རྒྱུ་བྱུང་ཡོད།
ནས་དང་། གྲོ། སྲན་མ། པད་ཁ་བཅས་གཙོ་བོར་བྱེད་པའི་འབྲུ་རིགས་རྐྱང་པ་ནས། སྔོ་ཚལ་དང་། ཤིང་འབྲས། དཔལ་འབྱོར་སྐྱེ་དངོས་བཅས་སྣ་མང་མཉམ་འདེབས་ཀྱི“སྔོ་ཚལ་སྣ་བརྒྱའི་ལྡུམ་ར”དང“ཤིང་འབྲས་ལྡུམ་རའི”བར་འགྱིག་ཤོག་དྲོད་ཁང་ཆེ་མོ་དང་ཞིང་ནང་དང་མུ་ཁར་བྱུང་བའི་འཕོ་འགྱུར་དེས་ས་མཐོའི་གསོལ་ལྕོག་དང་དཔལ་འབྱོར་ལ་འགྱུར་ལྡོག་ཕྱིན་པ་མ་ཟད། ཞིང་འབྲོག་པའི་བསམ་བློ་དང་ལས་དབང་ལ་དེ་བས་འགྱུར་ལྡོག་ཕྱིན་ཡོད།
“འབྲུ་རིགས་དང་། དཔལ་འབྱོར། གཟན་ཆག”བཅས་ནས“ཤིང་ཏོག་དང་། སྔོ་ཚལ། དཔལ་འབྱོར་སྐྱེ་དངོས”བཅས་བར།
ལོ་བཅུ་ལྷག་ཙམ་གོང་། བོད་ཀྱི་ཞིང་ལས་སྐྱེ་དངོས་ཀྱི་སྤྱིའི་འདེབས་ཁྱོན་ནང་འབྲུ་རིགས་སྐྱེ་དངོས་ཀྱིས་བསྡུར་ཚད་གཙོ་བོ་བཟུང་བ་དང་། དཔལ་འབྱོར་སྐྱེ་དངོས་དང་གཟན་ཆག་ཉུང་ཤས་འདེབས་ཀྱི་ཡོད། ལྗོངས་ཡོངས་ཀྱི་སྒྲིག་བཀོད་ཞིང་ལས་ཀྱི་རྒྱ་ཁྱོན་ཆུང་བས། ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་དུ་དགུན་དུས་སྔོ་ཚལ་སོས་པ་མཁོ་འདོན་དེ་བས་བྱེད་ཁག་པོ་ཡོད། ལོ་བཅུ་ལྷག་ཙམ་གྱི་གོང་ནས་དེར་འགྱུར་ལྡོག་མགྱོགས་པོ་ཕྱིན་ཡོད། 2018ལོར་བོད་ཀྱིས་སྒོར་དུང་ཕྱུར་5.75བཏང་ནས་སྔོ་ཚལ་རྟེན་གཞི་19བསྐྲུན་པ་དང་། 2019ལོར་ལྷོ་ཁ་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱི“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་ལ་མ་དངུལ་སྒོར་ཁྲི་2000བཏང་བ། 2020ལོར་ཆེད་དོན་མ་དངུལ་སྒོར་ཁྲི་800དཔལ་འབྱོར་སྐྱེ་དངོས་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་གསར་གཏོད་ཐད་སྤྱད་ཡོད།
2025ལོར་བོད་ཀྱི་སྔོ་ཚལ་འདེབས་ཁྱོན་སྤྱི་ཆིང་སྟོང་32.91ཟིན་པ་དང་། ཐོན་འབོར་ཏུན་ཁྲི་101.58ལས་བརྒལ་བ། ཤིང་འབྲས་དང་སྔོ་ཚལ་སྣ་ཁ་130ལྷག་ཙམ་བར་མང་དུ་ཕྱིན་པ། ལྷ་ས་སོགས་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོར་སྔོ་ཚལ་འབེལ་བ་དང་དཀོན་པའི་དུས་ཚིགས་སུ་སྔོ་ཚལ་རང་མཁོ་རང་སྤྲོད་ཐུབ་ཚད་68%དང་88%བར་བརྟན་པོའི་ངང་འཕར་ཡོད།
གྲོང་ཁྱེར་དང་། རྫོང་། ཆུས་ཁག་གིས་ཀྱང་ཐབས་མང་མཉམ་དུ་སྤྱད་ཅིང་། ལྷ་སས་ཁྲེང་ཀོན་ཆུས་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་སྣེ་འདྲེན་དུ་བྱས་པ་དང་། ཆུ་ཤུར་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་ཚད་ཤིང་དུ་བྱས་པ། མལ་གྲོ་གུང་དཀར་དང་སྟོད་ལུང་བདེ་ཆེན་སོགས་ཀྱི་གླིང་ཁུལ་མཉམ་དུ་འཕེལ་རྒྱས་བཏང་བ། ཚལ་སྣེ་གླིང་ཁུལ་གྱི་ས་མཐོའི་རྒུན་འབྲུམ་ས་བབ་སྨི་3600ཡི་སར་སྐྱེ་འཚར་བྱུང་ནས་ཅི་ཉི་སིའི་འཛམ་གླིང་གི་ཟིན་ཐོ་བཏོད་པ། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་ཤིང་འབྲས་དང་སྔོ་ཚལ་སྣ་ཁ“རྙིང་པ་གསུམ”ནས་55བར་མང་དུ་བཏང་བ་དང་། པ་སྣམ་གྱི་ཤིས་ཀྭ་དང་། སུར་པན། ཤིང་ཏོག་ཤང་ཀྭ་བཅས་ལ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཁས་ལེན་དཔང་འདོན་ཐོབ་པ། བསམ་གྲུབ་རྩེ་ཆུས་ནོར་གླིང་གྲོང་ཚོའི་ས་བབ་མཐོ་བའི་ཤིས་ཀྭ་ལ་ན་ནིང་ལོ་ལེགས་བྱུང་སྟེ་ཆ་སྙོམས་མུའུ་རེ་ནས་ཐོན་ཚད་རྒྱ་མ་4000ཙམ་ཟིན་པ། ལྷོ་ཁ་འཕྱོངས་རྒྱས་རྫོང་གིས་མུའུ་1024ཟིན་པའི“ཤ་ཚལ་སྒོང་གསུམ”གྱི་རྟེན་གཞི་བསྐྲུན་པ་དང་ཉི་འོད་དྲོད་ཁང་348བརྒྱབ་སྟེ་དུས་ཐེངས་གཉིས་པར་མ་དངུལ་སྒོར་དུང་ཕྱུར་3བཏང་ནས་སྤུས་ལེགས་ཀྭ་རིགས་དང་སྔོ་ཚལ་བཏབ་ཡོད་པ་རེད།
ཉིང་ཁྲི་གྲོང་ཁྱེར་སྨན་གླིང་ཞིང་རའི་ཟུར་སྣོན་རིན་ཐང་མཐོ་བའི་ཤིང་འབྲས་སྣ་ཁ་60ལྷག་ཙམ་གྱི“ཤིང་འབྲས་སྣ་བརྒྱའི་ལྡུམ་ར”ནས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་གྲོང་ཁྱེར་དེ་ཡོངས་ཀྱི་མཁོ་སྤྲོད་བསྡོམས་འབོར་གྱི་38%བཟུང་བའི་སྔོ་ཚལ་དང་ཤིང་འབྲས་མུའུ་ཁྲི་2.6གི་རྟེན་གཞིའི་བར་ས་མཐོའི་འདེབས་འཛུགས་རྣམ་གྲངས་དེ་ནས་ཀྱི་ཚོས་གཞི་རྐྱང་པ་ནས་ཚོན་མདོག་རྣམ་པར་བཀྲ་བའི་ཤིང་འབྲས་དང་སྔོ་ཚལ་དུ་གྱུར་ཡོད། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
“སྣ་ཁ་གསུམ”ནས“སྔོ་ཚལ་སྣ་བརྒྱའི་ལྡུམ་རའི”བར།
སྲོལ་རྒྱུན་གྱི་ཞིང་འབྲོག་ཁུལ་གྱི་བཟའ་བཏུང་གཙོ་བོ་ནི་རྩམ་པ་དང་། ཇ་བསྲུབས་མ། ཚགས་ཤ་དང་ལུག་ཤ་སྐམ་པོ་བཅས་ཡིན་པ་དང་། སྔོ་ཚལ་ནི་ཞོག་ཁོག་དང་། པད་ཚལ། ལ་ཕུག་བཅས་ཁོ་ན་ཡིན།
ཉེ་བའི་ལོ་20ཡི་རིང་། སྒྲིག་བཀོད་ཞིང་ལས་ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་དུ་སྣུར་སྲིང་བྱས་པ་དང་བསྟུན་ནས་དགུན་དུས་སྔོ་ཚལ་སོས་པ་མཁོ་འདོན་བྱ་རྒྱུ་དེ་སྔ་ས་ནས་རྒྱུན་གཏན་དུ་གྱུར་ཡོད། པ་སྣམ་རྫོང་གི་ཤིང་འབྲས་དང་སྔོ་ཚལ་སྣ་ཁ་55ལས་མི་སེར་གྱི་གསོལ་ལྕོག་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། འཕྱོངས་རྒྱས་རྫོང་གི་ཤིང་ཏོག་མ་རྨོས་ལོ་ཏོག་དང་ཀྲོ་མ་ཀྲུ་སོགས་སྣ་ཁ་20ལྷག་ཙམ་གྱིས་ཁྲོམ་རའི་སྟོང་ཆ་བསྐངས་བ། གྲ་ནང་རྫོང་གི་སྐྱེ་ལྡན་འདམ་མྱུག་ཧྲང་ཧའེ་དང་། ཁྲེང་ཏུའུ། ཁྲང་ཧྲ་བཅས་སུ་ཕྱིར་ཚོང་བྱས་པ་དང་2025ལོར་ཤང་ཀང་གི་ཁྲོམ་རར་ཚོད་ཚོང་ཐོག་མར་བྱས་པ་རེད། ས་མཐོའི“ཤིང་འབྲས་སྡེར་མ”ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་། “ཉིང་ཁྲིའི་ཀུ་ཤུར”རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཁས་ལེན་དཔང་འདོན་ཐོབ་པ། གནམ་ལྕགས་ཀྱི་ཀུ་ཤུ་ཏུན་800ལྷག་ཙམ་ནེ་པ་ལར་ཕྱིར་གཏོང་བྱས་པར་ཨ་སྒོར་ཁྲི་100རག་ཡོད།
བོད་ལྗོངས་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར“ཤ་ཚལ་སྒོང་གསུམ”འབེལ་དུ་ཕྱིན་ཡོད་ལ“ཤིང་འབྲས་སྣ་ཁ”ཡང་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
“རང་མཁོ་རང་གསོས”ནས“ཁྲོམ་རར་ཕྱོགས་པའི”བར།
སྔོན་ཆད་ཞིང་འབྲོག་པའི་འབྲུ་རིགས་མང་ཆེ་བ་རང་མཁོ་རང་གསོས་ཐུབ་པ་ལས་འཚོང་མཁན་ཉུང་ཉུང་རེད། ད་ཆ་བོགས་དངུལ་དང་། གླ་ཆ། ཁེ་སྤོགས། མངགས་ཐོ་བཅས་ཟུང་དུ་འབྲེལ་བའི་སྣ་མང་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་ས་མཐོར་ཁྱབ་གདལ་བཏང་ཡོད།
འཕྱོངས་རྒྱས་རྫོང་གི་སྔོ་ཚལ་རྟེན་གཞིར་ས་གནས་དེ་གའི་མང་ཚོགས་ཀྱིས་ས་ཞིང་བརྒྱུད་བཤུག་དང་། རྟེན་གཞིར་ལས་ཞུགས། འགན་གཙང་གཉེར་སྐྱོང་བཅས་བརྒྱུད“ཡོང་འབབ་ཁག་གཉིས”བྱུང་ཡོད། ཚོགས་རྒྱལ་གྲོང་ཚོའི་སྤེན་པ་དོན་གྲུབ་ཀྱིས་རང་ཁྱིམ་གྱི་ས་ཞིང་མུའུ་6བརྒྱུད་བཤུག་བཏང་ཞིང་། ཁོང་གིས། ས་ཞིང་བརྒྱུད་བཤུག་བཏང་བའི་ཡོང་འབབ་དེ་ནས་བཏབ་པ་ལས་ཡག་པ་འདུག ངེད་བཟའ་ཚོ་གཉིས་ཀྱང་རྟེན་གཞིར་ལས་ཀ་བྱེད་ཀྱི་ཡོད་པས། ས་ཞིང་བརྒྱུད་བཤུག་བཏང་བའི་ཡོང་འབབ་ཐོག་ཕྱིར་གླ་པ་རྒྱུག་པའི་ཡོང་འབབ་བསྣན་ན་ཟླ་རེར་སྒོར་ཁྲི་གཅིག་ཙམ་ཡོང་གི་འདུག་ཅེས་བརྗོད། ཟངས་རི་རྫོང་གི་རྒུན་འབྲུམ་ཐོན་ལས་ཀྱིས་ཀུང་སི་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་ལམ་སྲོལ་བརྒྱུད། ཕྱིར་གླ་པ་རྒྱུག་པ་དང་། ས་ཞིང་བརྒྱུད་བཤུག འཕྲུལ་ཆས་བོགས་གཏོང་། དྲ་ཐོག་ཕྱིར་ཚོང་བཅས་ཐབས་ལམ་མང་པོ་མཉམ་དུ་སྤྱད་དེ་རིམ་རྩིས་བརྒྱབ་ན་ལས་མི་མི་ཐེངས་ཁྲི་9བསྡུས་ནས་མང་ཚོགས་1200ལྷག་ཙམ་ཐག་ཉེ་སར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད།
ཡོང་འབབ་ནི་བདེན་དཔང་ནུས་ལྡན་ཞིག་ཡིན་ཞིང་། ན་ནིང་ཁོ་ནར། ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་29484ཟིན་ནས་བསྡོམས་འབོར་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། གཞིས་རྩེ་གྲོང་ཁྱེར་དུ་སྒོར་21231ཟིན་ནས་འཕར་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་24990ཟིན་པ་དེ་དུས་མཚུངས་ལས་7%འཕར་བ་དང་ཁྱད་ལྡན་འདེབས་འཛུགས་དང་སྒྲིག་བཀོད་ཞིང་ལས་ཀྱིས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ཕན་འབྲས་མངོན་གསལ་དེ་བས་དོད་དུ་ཕྱིན་ཡོད།
ཚལ་འདེབས་པའི་ཐད“གཞན་སྐུལ”ནས“རང་འགུལ”དུ་འགྱུར་བ།
གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་འབོད་སྣང་གྲོང་ཚོར་2004ལོར་རྒྱལ་ཁབ་ཀྱི་ཞིང་ལས་གསར་སྤེལ་རྣམ་གྲངས་དོན་འཁྱོལ་བྱེད་སྐབས་གྲོང་མི་མང་པོ་ཞིག་གིས་ཐ་ན་ཚལ་སོན་ཡང་ངོ་ཤེས་ཀྱི་མེད། ལག་རྩལ་པ་ལོ་འཁོར་མོ་བཅའ་སྡོད་དང་རིགས་གཅིག་མཁས་ཅན་གྱིས་དམར་ཁྲིད་བྱས་པས་ལོ་དེར་འགྱིག་ཤོག་དྲོད་ཁང་ཆེ་མོ་50ལ་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་བྱུང་ཡོད། ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་གྱི་མང་ཚོགས་ཚོས་དང་ཐོག་འགྱིག་ཤོག་དྲོད་ཁང་ཆེ་མོར་སྔོ་ཚལ་འདེབས་འདོད་བྱེད་ཀྱི་མེད་པས། སྡེ་ཚོགས་ཨུ་ལྷན་གྱི་ལས་བྱེད་པས་དུད་ཚང་རེ་རེ་བཞིན་བསམ་བློའི་སློབ་གསོ་བརྒྱབ་མཐར་ཟླ་བ་ཁ་ཤས་སོང་རྗེས་འགྱིག་ཤོག་དྲོད་ཁང་ཆེ་མོ་10ཁོ་ནར་ཕྱིར་ཚོང་དངུལ་འབོར་སྒོར་5150བྱུང་ཡོད་ལ། ཚལ་འདེབས་ཞིང་པའི་བསམ་བློར་ཡང་དུས་དེ་ནས་བཟུང་འགྱུར་ལྡོག་ཆེན་པོ་བྱུང་ནས་ཚལ་འདེབས་པའི་ཐད “གཞན་སྐུལ”ནས“རང་འགུལ”དང་དེ་ནས་ཧུར་བརྩོན་གྱིས་འདེབས་པའི་བར་འགྱུར་ལྡོག་བྱུང་ཡོད།
སྒྲིག་འཛུགས་བྱེད་སྟངས་ལ་འགྱུར་ལྡོག་བྱུང་བ་དེའང་མི་གསར་སྐྱོང་བ་དང་གཅིག་མཚུངས་ཡིན་ཞིང་། རི་བོ་ཆེ་གྲོང་རྡལ་སྤྱང་ངེ་གྲོང་ཚོས“གྲོང་སྡོད་ལས་དོན་རུ་ཁག་གིས་སྤྱི་འདོམས་མཐུན་སྦྱོར་དང་། གྲོང་ཁྱེར་ཞིང་ལས་ཚན་རྩལ་སུའོ་ཡི་ལག་རྩལ་མཛུབ་ཁྲིད། ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བས་ལས་གཏོད་གཉེར་སྐྱོང་། གྲོང་མི་རྒྱ་ཁྱབ་ངང་ཞུགས་པ”བཅས་ཀྱི་རྣམ་པ་བཏོད་དེ། བེད་མེད་འགྱིག་ཤོག་དྲོད་ཁང་ཆེ་མོ་8གང་འགབ་ཅི་སྤྱོད་བྱས་ཡོད། ཨ་མདོ་རྫོང་བྲག་ནག་གྲོང་རྡལ་གྱིས“ངལ་ནུས་བཏོན་ནས་སྐར་མ་གསོག་པའི་ལམ་ལུགས”ཁྱབ་གདལ་བཏང་ནས། ངལ་རྩོལ་ཆུ་ཚོད་1བྱས་ཚེ་སྐར་མ་5འགོད་པ་དང་སྐར་མ་བསགས་ཚེ་དངུལ་སྨར་རམ་ཡང་ན་སྔོ་ཚལ་བརྗེ་ཆོག་པ་མ་ཟད། ལོ་མཇུག་ཏུ་ད་དུང་ཁེ་སྤོགས་བགོ་བཤའ་རྒྱག་པའི་ནང་ལའང་ཞུགས་ཆོག་གི་ཡོད།
ཧུའུ་ནན་བོད་སྐྱོར་ལས་དོན་རུ་ཁག་གིས་ལྷོ་ཁར་ནས་ས་ཞིང་རྨོ་འདེབས་ལག་རྩལ་ཁྱབ་གདལ་གཏོང་སྐབས་གྲུབ་འབྲས་ཆེན་པོ་བཞི་ཕྱོགས་སྡོམ་བྱས་པ་སྟེ། ཐོན་འཕར་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་། ལག་རྩལ་གསར་བརྗེར་སྐུལ་འདེད་གཏོང་བ། བསམ་བློར་འགྱུར་ལྡོག་གཏོང་བ། ཐོན་ལས་འཕེལ་རྒྱས་མགྱོགས་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་རེད། བོད་སྐྱོར་ལས་བྱེད་པས“དེང་རབས་ཚན་རྩལ་ལ་བརྟེན་ནས་ཞིང་ལས་འབབ་འཕར་ལ་སྐུལ་འདེད་གཏོང་བའི”བརྒྱུད་རིམ་ནི་ངོ་བོའི་ཐོག་ནས་བརྗོད་ན་ཞིང་འབྲོག་པས“སྒུག་བརྟེན་སློང་གསུམ”ནས་རང་འགུལ་ངང་ཁྲོམ་རར་ཞུགས་པའི་བར་འགྱུར་ལྡོག་ཕྱིན་པའི་བརྒྱུད་རིམ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།