རྩྭ་ཕྱུགས་དོ་མཉམ་མེད་པ་ནས་མཉམ་སྤྱོད་ཀྱི་ཕྱོགས་སུ་བསྐྱོད་པ།
ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གི་ས་མཐོའི་འབྲོག་ཁུལ་གྱི་མང་ཚོགས་མཉམ་དུ་ཕྱུག་འགྱུར་བྱུང་བའི་སྐོར་གྱི་མཐོང་ཐོས།
ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་རྫོང་གྲོང་དང་བར་ཐག་སྤྱི་ལེ་40ལྷག་ཙམ་ཡོད་པའི་ཨ་དབང་ཤང་དུ་ཨ་དབང་ལུག་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་སྐར་ཚོགས་ས་ལ་འཕོས་པ་ལྟར་སྣང་། འོན་ཀྱང་དུས་ཡུན་རིང་པོར་དེ་གར་ཡ་མཚན་པའི་སྣང་ཚུལ་ཞིག་བྱུང་སྟེ། ཁྱིམ་ཚང་ལ་ལར་རྩྭ་ཐང་རྒྱ་ཆེ་རུང་ངལ་རྩོལ་ནུས་ཤུགས་ཉུང་བས་ནོར་ལུག་ལ་ལྟ་རྟོག་བྱེད་ཁོམ་མེད། ཁྱིམ་ཚང་ལ་ལར་ངལ་རྩོལ་ནུས་ཤུགས་མང་རུང་རྩྭ་ཐང་རྒྱ་ཆུང་བས་ནོར་ལུག་ལ་རྩྭ་འདང་གི་མེད།
ཐོན་ཁུངས་ཀྱི་བགོ་འགྲེམས་དོ་མཉམ་མེད་པའི་སྣང་ཚུལ་དེ་རིགས་ཀྱི་ཤུགས་རྐྱེན་ཐེབས་ནས་སྔོན་ཆད་ཁྱིམ་མཚེས་དབར་རྩྭ་སའི་རྩོད་གཞི་ཐོན་གྱི་ཡོད།
གོ་འཇོ་རྫོང་ཞིང་ལས་ཚན་རིག་ཅུས་དང་། ཤང་ཏང་ཨུད། སྲིད་གཞུང་བཅས་ཀྱིས་གནས་ཚུལ་དེ་ཤེས་ཏེ་རང་འགུལ་ངང་འདུམ་འགྲིག་བྱས་ཡོད། ཁོང་ཚོས་སྲིད་འཛིན་བཀའ་རྒྱ་མ་བཏང་བར་ཡུལ་མི་བསྐངས་ཏེ་ཚོགས་འདུ་འཚོགས་ནས་མཉམ་དུ་རྩྭ་རའི་བདག་དབང་གཏན་འཁེལ་བྱས་ཡོད། ཤང་དང་གྲོང་ཚོའི་དབར་འབྲེལ་ཟམ་བཙུགས་ནས“ཕྱུགས་ཟོག་རིན་ཡོད་ཚབ་འཚོ”བྱེད་ཐབས་ཁྱབ་གདལ་བཏང་བ་སོགས་རྩྭ་ཐང་རྒྱ་ཆེ་བ་ཚོས་རྩྭ་ཐང་རྒྱ་ཆུང་བར་ཕྱུགས་ཟོག་ཚབ་འཚོའི་གན་རྒྱ་བཞག་སྟེ་གྲོས་མཐུན་ལྟར་དངུལ་སྤྲོད་ཀྱི་ཡོད།
ལས་བྱེད་པ་ཚོས་ཕུགས་ལ་ཕན་པའི་རྩིས་གསུམ་བརྒྱབ་པ་སྟེ། སྐྱེ་ཁམས་ཀྱི་རྩིས། རྩྭ་ས་ཉམས་ཞན་དུ་སོང་རྗེས་བུ་རབས་ཚ་རྒྱུད་གང་ལ་བརྟེན་དགོས་པ་དང་གཅིག དཔལ་འབྱོར་གྱི་རྩིས། དུད་ཚང་ཁེར་རྐྱང་གིས་ཕྱུགས་འཚོས་ན་ནོར་ལུག་ལ་རིན་གོང་མི་རག་པ་དང་གཉིས། ཕུགས་ཕན་གྱི་རྩིས། རྩྭ་ས་མ་རྐང་ནང་འཇོག་པ་དང་གཅིག་སྡུད་ཚབ་འཚོ་བྱས་ཚེ་ལོ་ལྟར་བགོ་འགྲེམས་ཡོད་པ་དང་གསུམ་བཅས་ཡིན། འབྲོག་པ“ཕན་ཚུན་འགྲོ་འོང་མི་བྱེད་པ”ནས“ཐོན་ཁུངས་མཉམ་སྤྱོད”ཀྱི་ཕྱོགས་སུ་རིམ་གྱིས་གྱུར་ཡོད།
སྐུལ་སློང་ཐེངས་གཅིག་བྱས་པ་བརྒྱུད་དུད་ཚང་250ཡི་མང་ཚོགས་ཚབ་འཚོའི་ནང་ཞུགས་པ་དང་ཚབ་འཚོའི་གྲོས་མཐུན་232བཞག་ཡོད། ཤང་ཡོངས་ཀྱི་ནོར་ལུག་གི་མགོ་གྲངས་བརྟན་པོའི་ངང་འཕར་ཞིང་། འོན་ཀྱང་ཤོང་ཚད་ལས་བརྒལ་ནས་ཕྱུགས་འཚོ་མཁན་དུད་ཚང་39ནས་17བར་ཆག་ཡོད། རྩྭ་རའི་གནོན་ཤུགས་ཆུང་དུ་ཕྱིན་པ་དང་རྩྭ་ཐང་ཡང་ཉིན་བཞིན་སྔོ་ལྗང་དུ་གྱུར་ཡོད།
གཞན་ཡང་དེ་སྔ་ཨ་དབང་ཤང་གི་རྩྭ་རའི་ཁ་གསབ་མ་དངུལ་བགོ་བཤའ་གསལ་པོ་མེད་པས་མང་ཚོགས་ལ་བསམ་འཆར་མང་པོ་ཡོད། ད་རེས་ཤང་གིས་སེམས་ཐག་གཙང་བཅད་ཀྱིས་རྩྭ་ས་ཚང་མ་ཞིབ་བཤེར་གཏན་འཁེལ་དང་བཀོད་སྒྲིག་ཇུས་གཞི་ཚང་མ་ཁ་གསལ་བཟོས་ནས་ཡུལ་མི་ཚོར་ཐག་གཅོད་བྱེད་དུ་བཅུག་ཡོད།
ལས་བྱེད་པ་ཚོས་དུད་ཚང་རེ་རེ་བཞིན་ཞིབ་བཤེར་གཏན་འཁེལ་བྱས་ཏེ་བེད་མེད་དང་བེད་སྤྱོད་ཡག་པོ་མ་ཐུབ་པའི་རྩྭ་སའི་དགོས་མཁོ་ཡོད་པའི་འབྲོག་པར་བགོས་ཡོད། ཤང་ཡོངས་སུ་རྩྭ་ཐང་གི་ཁ་གསབ་ལོངས་སུ་སྤྱོད་མཁན་དུད་ཚང་311ནས་དུད་ཚང་507བར་མང་དུ་ཕྱིན་ནས་ཁྱབ་ཚད་100%ཟིན་ཡོད། 2026ལོར་ཤང་ཡོངས་ཀྱིས་སྔོན་དཔག་བྱས་ན་ཁ་གསབ་མ་དངུལ་སྒོར་ཁྲི་497ལེན་རྒྱུ་ཡོད་པ་དེ་2025ལོ་ལས་སྒོར་ཁྲི་179.5མང་དུ་འགྲོ་རྒྱུ་རེད།
ད་ཆ་གོ་འཇོ་རྫོང་གིས་ཨ་དབང་ཤང་གི་ཉམས་མྱོང་རྫོང་ཡོངས་སུ་ཁྱབ་གདལ་གཏོང་རྩིས་ཡོད་ཅིང་། ས་མཐོའི་འབྲོག་པས་རང་ཉིད་ཀྱི་བྱ་ཐབས་ལ་བརྟེན་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་བཅད་སྲུང་བཞིན་ཡོད་ལ་རང་ཉིད་ཀྱང་འབྱོར་འབྲིང་ལམ་བུར་སྐྱོད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།